བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༢༥ ཕྱི་ལོ་ ༢༠༢༠/༡༠/༢༨
ཉེ་ཆར་ཨ་རིའི་ཕྱི་སྲིད་དྲུང་ཆེའི་མཚན་ཐོག་ནས་ཨ་རིའི་གཞུང་གིས་བོད་དོན་འབྲེལ་མཐུད་པར་དྲུང་ཆེའི་ལས་རོགས་རོ་བྷར་ཋི་ ཌེ་སི་ཋོ་རོ་(Robert A. Destro) བསྐོ་གཞག་གནང་བའི་གསལ་བསྒྲགས་གནང་སོང་། ཨ་རིའི་སྲིད་འཛིན་དུ་ཌོ་ནལ་ཊོམ་འདེམས་ཐོན་བྱུང་བ་ནས་བཟུང་། ད་བར་མི་ལོ་བཞི་ཙམ་གྱི་རིང་བོད་དོན་འབྲེལ་མཐུད་བསྐོ་གཞག་གནང་མེད་པ་དང་། ད་ལྟའི་ཆར་ཨ་རིའི་སྲིད་འོས་བསྡུ་བྱ་རྒྱུར་མདུན་ཕྲག་ཁ་ཤས་ལས་ལྷག་མེད་པའི་སྐབས་འདིར་ཁོང་གིས་བོད་དོན་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་བ་དེ་ནི། ཨ་རིའི་སྲིད་དོན་ནང་བོད་དོན་དེ་ཡང་གལ་གནད་ཆེན་པོ་ཡོད་པ་དེ་གསལ་པོ་ཆགས་པ་རེད། སྤྱིར་ཨ་རི་ལ་མཚོན་ན་འཛམ་གླིང་ཤར་ནུབ་ཡོངས་ནས་རྒྱལ་ཁབ་སྟོབས་འབྱོར་ཆེ་ཤོས་དེ་ཡིན་པ་དང་། ཨ་རིའི་སྲིད་འཛིན་འོས་བསྡུ་དང་། ཨ་རིའི་སྲིད་དོན་གྱི་ཁ་ཕྱོགས་ལ་དོ་སྣང་ཆེན་པོ་མི་བྱེད་མཁན་གྱི་རྒྱལ་ཁབ་སུ་གཅིག་མེད་པར། ད་ལྟའི་ཆར་ཨ་རིའི་ཆབ་སྲིད་ཀྱི་ཁ་ཕྱོགས་ནི་འཛམ་གླིང་སྤྱི་ཡོངས་ཀྱི་ཕྱོགས་སྟོན་འཁོར་ལོ་ལྟ་བུར་གྱུར་ཡོད།
སྤྱིར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་མཚོན་ན་ཁ་གསལ་གཏིང་གསལ་གྱི་ཨ་རི་མཆོག་འཛིན་རིང་ལུགས་པ་ཞིག་དང་། ཨ་རིའི་ཁེ་ཕན་གཙོ་བོར་འཛིན་པའི་སྲིད་འཛིན་ཞིག་ཡིན་ཞིང་། ཁོང་གི་འདས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཐོག་ནས་བལྟས་ཀྱང་རང་གི་ཁེ་ཕན་གཙོ་བོར་འཛིན་པའི་ཚོང་པ་ཆེན་པོ་ཞིག་ཡིན་པས། རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་མཐོང་སྐབས་གནད་དོན་གཞན་མང་པོ་ཞིག་ལ་དོ་སྣང་མི་བྱེད་པ་འདི་ཉིད་གསལ་པོར་གྱུར་ཡོད། ད་ལྟ་ཨ་རི་དང་རྒྱ་ནག་གི་ཆབ་སྲིད་དང་། དཔལ་འབྱོར་གང་ཐད་ནས་འགལ་བ་རྣོ་ངར་ཅན་དུ་འགྱུར་བཞིན་པའི་སྐབས་འདིར་ཚོར་བ་ཧ་ཅང་སྐྱེན་པའི་གནད་དོན་མང་པོ་ཞིག་བེད་སྤྱོད་གཏོང་བ་ནི་སྤྱི་སྲོལ་ཞིག་ཏུ་གྱུར་ཡོད་པ་ལྟར། ཨ་རིའི་གཞུང་གིས་ཐའེ་ཝན་དང་། ཧོང་ཀོང་། བོད་དང་། ཤར་ཏུར་ཀི་སི་ཐན་གྱི་གནད་དོན་སོགས་བེད་སྤྱོད་བཏང་ནས་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་གི་ཡོད་པ་དང་། ལྷོ་རྒྱ་མཚོའི་བདག་དབང་ཐོག་ནས་ཀྱང་ཨ་རིའི་ཐེ་བྱུས་བྱེད་བཞིན་པ་ནི་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་པས་རེད།
སྤྱིར་ཌོ་ནལ་ཊོམ་གྱིས་ཆབ་སྲིད་ཀྱི་གནད་དོན་ཐག་གཅོད་བྱེད་སྐབས་ཚོང་གི་ཐབས་བྱུས་བེད་སྤྱོད་གཏོང་གི་ཡོད་པ་དང་། ཨ་རིའི་རྒྱལ་ཁབ་ཀྱི་ཁེ་ཕན་ཞིག་མཐོང་སྐབས་དོན་དག་གཞན་པ་རྣམས་སྣང་མེད་གཏོང་རྒྱུ་ཡིན་པ་གསལ་པོ་རེད་ལ། དེ་ནི་ཁ་གསལ་པོའི་ཐོག་ནས་བརྗོད་མིན་ཙམ་ལས་དོན་དངོས་སུ་ཆབ་སྲིད་པ་ཚང་མའི་མཐར་ཐུག་གི་བྱེད་སྟངས་ངོ་མ་དེ་རེད། འོན་ཀྱང་འདས་པའི་མི་ལོ་༤༠ ཙམ་གྱི་རིང་ཨ་རིའི་རྒྱ་ནག་ལ་གོ་སྐབས་མང་པོ་སྤྲད་ཡོད་པ་དང་། ཨ་རིའི་ཕྱོགས་ནས་རྒྱ་ནག་ལ་བཟུང་བའི་རེ་བ་ཕལ་ཆེ་བ་སྟོང་ཟད་དུ་གྱུར་ཡོད་པ་མ་ཟད། རྒྱ་གཞུང་གི་ངོས་ནས་ཚན་རིག་དང་། དམག་དོན། དཔལ་འབྱོར་སོགས་ཀྱི་གསང་བ་མང་པོ་ཨ་རིའི་ས་ནས་རྐུ་འཁྱེར་བྱེད་བཞིན་ཡོད་པ་དང་། ཨ་རི་ཕམ་པར་བརྒྱབ་ནས་འཛམ་གླིང་འདིའི་སྣེ་ཁྲིད་པ་རྒྱ་ནག་གིས་བྱེད་རྒྱུའི་རེ་བ་དང་དམིགས་ཡུལ་བཟུང་ཡོད་པའང་གསལ་ནས་གསལ་དུ་འགྲོ་བཞིན་ཡོད་པས། ཨ་རྒྱ་གཉིས་ཀྱི་འགལ་འབྲེལ་ནི་གནད་དོན་ཆུང་ཙག་ཁ་ཤས་ཙམ་གྱི་ཐོག་ནས་ཐག་གཅོད་ཐུབ་པ་ཞིག་ཏུ་གྱུར་མེད།
རྒྱ་ནག་ལ་མཚོན་ན་མི་འབོར་ཆེ་བ་དང་། ད་ལྟའི་ཆར་འཛམ་གླིང་ཤར་ནུབ་ཀུན་ཏུ་དཔལ་འབྱོར་དང་དམག་དོན་སོགས་གང་ཐད་ནས་ཤུགས་རྐྱེན་ཆེན་པོ་ཡོད་པས། དོན་དངོས་སུའང་མ་འོངས་པར་ཨ་རིའི་གཞུང་དང་མི་མང་ལ་དཀའ་ངལ་སྤྲོད་ཐུབ་མཁན་གྱི་རྒྱལ་ཁབ་དང་པོ་དེ་རྒྱ་ནག་ཡིན་པ་ལས་གཞན་སུ་གཅིག་མིན། ཨ་རིའི་ངོས་ནས་ཀྱང་མ་འོངས་པར་འཆར་གཞི་ཡོད་པའི་ཐོག་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་དེ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་འགོ་འཛུགས་བྱས་ཡོད་ལ། ད་ལྟའི་ཆར་སྲིད་བྱུས་དེར་ཤུགས་རྐྱེན་ཆེན་པོ་སླེབས་ཡོད། ལྷག་པར་དུ་ལོ་འདིར་རྒྱ་ནག་ནས་ཁྱབ་པའི་ནད་ཡམས་ཀྱིས་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་དང་མིའི་ཚེ་སྲོག་ལ་གནོད་སྐྱོན་ཆེན་པོ་ཐེབས་ཤིང་། རྒྱ་དམར་གཞུང་གིས་ནད་ཡམས་ཀྱི་འབྱུང་རྐྱེན་དོན་དངོས་སྦས་གསང་བྱས་པ་མ་ཟད། རྒྱ་ནག་ནང་ཁུལ་ཙམ་ལས་ཕྱི་རྒྱལ་ཁག་ལ་འགྲིམ་འགྲུལ་བཀག་སྡོམ་མ་བྱས་པར་བརྟེན་ནད་ཡམས་ཁྱབ་གདལ་སོང་བས་འཛམ་གླིང་ཤར་ནུབ་ཀྱི་མི་མང་པོས་རྒྱ་གཞུང་ལ་འཁོན་འཛིན་ཆེན་པོ་བྱེད་བཞིན་སྐབས་ཡིན།
ལོ་འདིར་རྒྱ་དཀར་ནག་གཉིས་ཀྱང་ས་མཚམས་ཀྱི་རྩོད་རྙོག་ལ་བརྟེན་ནས་ཁ་གཏད་རྣོ་ངར་ཅན་དུ་གྱུར་ཡོད་པས། ཕན་ཚུན་རྒྱལ་ཁབ་ཀྱི་ཁྱབ་ཁོངས་བདག་དབང་ངོས་ལེན་བྱེད་སྟངས་ལ་འགྱུར་བ་གཏོང་སྲིད་པའི་ཉེན་བརྡ་གཏོང་རེས་བྱེད་བཞིན་ཡོད། ཨ་རིའི་ངོས་ནས་ཀྱང་རྒྱ་ནག་གཅིག་གི་སྲིད་བྱུས་དེ་ཕྱིར་འཐེན་བྱེད་སྲིད་པ་དང་། བོད་དང་། ཐའེ་ཝན། ཧོང་ཀོང་། ཤར་ཏུར་ཀི་སི་ཐན་སོགས་ཀྱིས་གོ་སྐབས་དེ་དམ་འཛིན་བྱེད་ཐུབ་ན། ཨ་རིས་གཙོས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་གོ་སྐབས་ཆེ་ཤོས་སུ་གྱུར་ཡོད་པ་དང་། ལྷག་པར་དུ་བོད་དོན་གྱི་ཐོག་ནས་ཨ་རིའི་འོས་བསྡུ་སླེབས་ལ་ཉེ་བའི་བདུན་ཕྲག་རེ་ཟུང་ནང་། བོད་དོན་འབྲེལ་མཐུད་པ་བསྐོ་གཞག་གནང་བ་འདིའི་ཐོག་ནས་ཨ་རིའི་སྲིད་དོན་ནང་བོད་དོན་གྱི་ཐོག་ནས་ཀྱང་ཤུགས་རྐྱེན་མི་ཆུང་བ་ཞིག་ཡོད་པ་གསལ་པོ་ཆགས་ཡོད། མདོར་ན་རྒྱལ་སྤྱིའི་ཁྱོན་ཡོངས་སུ་མ་འོངས་པའི་ལོ་ཁ་ཤས་ནི་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་ཆེས་གལ་གནད་ཅན་གྱི་གོ་སྐབས་ཤིག་ཏུ་གྱུར་ཡོད་པས། བོད་པ་རང་ངོས་ནས་ཀྱང་དམ་འཛིན་དགོས་པ་ཧ་ཅང་གལ་ཆེ་སྙམ།།