ཧིན་བོད་ས་མཚམས་ཡིན་པ་ལས་རྒྱ་དཀར་ནག་གི་ས་མཚམས་མིན་སྐོར་གསུངས་འདུག 

ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོས་ཨ་རུ་ན་ཅལ་མངའ་སྡེར་ཡོད་པའི་ས་མཚམས་དེ་ནི་རྒྱ་གར་དང་བོད་ཀྱི་ས་མཚམས་ཡིན་པ་དང་། སུ་གང་གིས་ལོ་རྒྱུས་བསུབ་ཐབས་མེད་སྐོར་གསུངས་འདུག 

ཟླ་༡༡ པའི་ཚེས་༡༨ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༧ ཉིན་རྒྱ་གར་གྱི་གསར་ཁང་རྒྱ་གར་གྱི་བང་ཆེན་གསར་པ་ཞེས་པས་རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་རུ་ན་ཅལ་གྱི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོར་བཅར་འདྲི་བྱས་ཡོད་འདུག་པ་དང་། སྐབས་དེར་ཁོང་གིས་ཨ་རུ་ན་ཅལ་ཁུལ་གྱི་ས་མཚམས་དེ་རྒྱ་གར་དང་བོད་ཀྱི་ས་མཚམས་ཡིན་པ་ལས། རྒྱ་ནག་དང་རྒྱ་གར་གྱི་མཚམས་མིན་པ་དེ་ནི་དངོས་ཡོད་གནས་ཚུལ་ཞིག་ཡིན་པ་དང་། སུ་གང་གིས་ལོ་རྒྱུས་བསུབ་ཐབས་མེད། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དེ་གནས་ཚུལ་མི་འདྲ་བ་ཞིག་ཡིན་ཁར། འཛམ་གླིང་ཡོངས་ཀྱིས་གནས་ཚུལ་དེ་ཤེས་ཀྱི་ཡོད་སྐོར་གསུངས་འདུག 

རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེ་ནི་བོད་ཀྱི་ལྷོ་ཕྱོགས་ས་ཁུལ་ཡིན་སྐོར་བརྗོད་ནས་བདག་དབང་རྩོད་ཀྱི་ཡོད་པ་དང་། རྒྱ་གར་ནས་རྒྱ་ནག་གི་རྩོད་ལེན་དེར་མཐའ་གཅིག་ཏུ་དགག་པ་རྒྱག་གི་ཡོད་ཀྱང་།  གནད་དོན་དེ་ལ་བརྟེན་ནས་རྒྱལ་སྤྱིའི་ཚོགས་སྡེ་དཔེར་ན་འཛམ་གླིང་གི་དངུལ་ཁང་། ཨེ་ཤི་ཡ་འཕེལ་རྒྱས་དངུལ་ཁང་སོགས་ནས་ཨ་རུ་ན་ཅལ་མངའ་སྡེར་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ཆེད་དུ་བུན་གཡར་གཏོང་གི་མེད་པས། མངའ་སྡེའི་འཛུགས་སྐྲུན་ལས་དོན་ལ་གནོད་བྱེད་ཀྱི་ཡོད་སྐོར་གསུངས་འདུག 

དེ་བཞིན་ཁོང་གིས་ཨ་རུ་ན་ཅལ་མངའ་སྡེ་དེ་བོད་དང་རྒྱང་ཐག་ཀི་ལོ་མི་ཊར་༡༡༠༠ ཡི་ས་མཚམས་ཡོད་པ་དང་། བྷི་ཇེ་བྷི་དབུས་གཞུང་གིས་མངའ་སྡེའི་ནང་གི་འཛུགས་སྐྲུན་འཕེལ་རྒྱས་དང་ས་མཚམས་ཁུལ་དུ་རྒྱ་ལམ་འཛུགས་སྐྲུན་གལ་ཆེན་བཟུང་ནས་ལས་དོན་སྤེལ་བཞིན་ཡོད་སྐོར་གསུངས་འདུག སྤྱི་ཁྱབ་བློན་ཆེན་ཁོང་རང་ཉིད་ཀྱང་བྷི་ཇི་བྷི་སྲིད་དོན་ཚོགས་པའི་ཚོགས་མི་ཡིན་པ་དང་། མངའ་སྡེ་དེ་ད་ལྟའི་ཆར་བྷི་ཇི་བྷི་ཡིས་གཞུང་འཛིན་བྱེད་ཀྱི་ཡོད་པ་རེད།

དེ་སྔོན་ཟླ་༡༠ པའི་ནང་ཕྱི་ལོ་༡༩༦༢ ལོའི་རྒྱ་དཀར་ནག་གཉིས་བར་གྱི་དམག་འཁྲུག་སྐབས་སུ་རང་སྲོག་བློས་བཏང་མཁན་རྒྱ་གར་གྱི་དཔའ་བོ་ཞིག་གི་རྗེས་དྲན་མཛད་སྒོར། སྤྱི་ཁྱབ་བློན་ཆེན་ཁོང་གིས་ད་ལྟ་ནི་ཕྱི་ལོ་༢༠༢༠ ཡིན་པ་ལས་ཕྱི་ལོ་༡༩༦༢ མ་རེད། ཇ་མུ་ཀ་ཤི་མིེར་ནས་ཨ་རུ་ན་ཅལ་བར་དུ་ས་མཚམས་སྲུང་ཆེད་དུ་རྒྱ་གར་གྱིས་གྲ་སྒྲིག་ཡིན་པ་དང་། གལ་ཏེ་དགོས་ངེས་ཡོད་ཚེ་ཨ་རུ་ན་ཅལ་མི་མང་རྒྱ་གར་གྱི་དམག་མིའི་རྒྱབ་ཏུ་ལངས་རྒྱུར་ཐེ་ཚོམས་མེད་སྐོར་གསུངས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།