ཧོང་ཀོང་ནང་མང་གཙོའི་ལས་འགུལ་བ་༥༠ ལས་མང་བ་འཛིན་བཟུང་བྱས་འདུག 

རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ཞེས་པ་དེ་བཙན་དབང་ཐོག་ལག་བསྟར་བྱས་ཡོད་པ་དང་། ཁྲིམས་དེའི་འོག་ནས་ཐེངས་འདིར་མང་གཙོའི་ལས་འགུལ་བ་༥༠ ལས་མང་བ་འཛིན་བཟུང་བྱས་ཡོད་ཁར། ཉེན་རྟོག་པས་གསར་ཁང་༣ ལ་འཚོལ་ཞིབ་བཀའ་ཤོག་འཁྱེར་ནས་སླེབས་ཡོད་འདུག 

ཟླ་༡ པོའི་ཚེས་༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཧོང་ཀོང་ནང་ད་བར་དུས་གཅིག་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་འོག་ཏུ་འཛིན་བཟུང་བྱས་པའི་མི་གྲངས་མང་ཤོས་དེ་ཐེངས་འདིར་འཛིན་བཟུང་བྱས་ཡོད་འདུག་པ་དང་། དེ་ཡང་ཚེས་༦ ཉིན་ཧོང་ཀོང་གི་ཉེན་རྟོག་པས་ལོ་སྔོན་མར་ཧོང་ཀོང་གི་གྲོས་ཚོགས་འོས་བསྡུ་དང་འབྲེལ་ནས། མང་གཙོ་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་མང་གཙོ་དོན་གཉེར་བའི་འོས་མི་རྣམས་ཀྱི་ཆེད་དུ་སྔོན་འགྲོའི་འོས་བསྡུ་ཞིག་གོ་སྒྲིག་བྱས་ཡོད་པ་དང་། སྐབས་དེར་འོས་མི་རྣམས་ཀྱིས་ཧོང་ཀོང་གཞུང་གི་སྔོན་རྩིས་འཆར་འབུལ་དེར་གྲོས་ཚོགས་ནང་དགག་བྱ་བྱེད་རྒྱུ་ཁས་ལེན་བྱས་ཡོད་འདུག་པས། ཉེན་རྟོག་པས་དེ་ནི་གཞུང་སྲིད་མགོ་རྟིང་སློག་ཐབས་ཀྱི་བྱ་སྤྱོད་ལ་ངོས་འཛིན་གྱིས་ལས་འགུལ་བ་ཉུང་མཐར་༥༢ འཛིན་བཟུང་བྱས་ཡོད་འདུག སྐྱོན་བརྗོད་བྱེད་མཁན་ཚོས་བྱ་སྤྱོད་དེ་ནི་རྒྱ་ནག་དང་ཧོང་ཀོང་གཞུང་གཉིས་ཀྱིས། ཧོང་ཀོང་ནང་དུ་མང་གཙོ་དོན་གཉེར་བས་གཞུང་དེ་གཉིས་ལ་ཁ་གཏད་གཅོག་མཁན་མེད་པ་བཟོ་བའི་བྱེད་པའི་ངན་བྱུས་ཤིག་ཡིན་སྐོར་བརྗོད་བཞིན་འདུག 

དེ་ཡང་ལོ་སྔོན་མའི་ཧོང་ཀོང་གྲོས་ཚོགས་འོས་བསྡུར་མང་གཙོ་དོན་གཉེར་བར་རྒྱལ་ཁ་ཆེན་པོ་ཐོབ་རྒྱུའི་རེ་བ་ཡོད་ཀྱང་། ཧོང་ཀོང་གི་སྤྱི་ཁྱབ་དཔོན་ལྕམ་ཁཱེ་རི་ལམ་གྱིས་ཏོག་དབྱིབས་ནད་དུག་གི་ཛ་དྲག་གནས་སྟངས་མེད་བཞིན་དུ་ཡོད་སྐོར་བརྗོད་ནས། འོས་བསྡུ་ཕྱིར་འགྱངས་བྱས་ཡོད་པ་རེད། དེ་ཡང་མོའི་ཐག་གཅོད་དེར་དགག་བྱ་བྱེད་མཁན་ཚོས་བརྗོད་དོན་ལྟར་ན། ཧོང་ཀོང་གྲོས་ཚོགས་འོས་བསྡུ་མ་སླེབས་པའི་སྔོན་ལ། མང་གཙོ་དོན་གཉེར་བ་མང་པོ་ཞིག་འཛིན་བཟུང་དང་། ནག་ཉེས་བཙུགས་ནས་འོས་མིར་ལངས་ཐབས་མེད་པ་བཟོ་རྒྱུའི་འཆར་གཞི་འཐེན་བཞིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག 

འཛིན་བཟུང་བྱུང་བའི་ཁོངས་སུ་གྲོས་ཚོགས་འཐུས་མི་ཟུར་པ་དང་། མང་གཙོ་ལས་འགུལ་བ། གྲོང་སྡེའི་གྲོས་ཚོགས་འཐུས་མི། ལོ་སྔོན་མའི་མང་གཙོ་དོན་གཉེར་བའི་གྲོས་ཚོགས་འཐུས་མི་རྣམས་ཀྱི་སྔོན་འགྲོའི་འོས་བསྡུ་གོ་སྒྲིག་བྱེད་མཁན། དེ་བཞིན་ཧོང་ཀོང་མི་མང་གི་བསམ་ཚུལ་ཉམས་ཞིབ་ལྟེ་གནས་ཁང་གི་སྤྱི་ཁྱབ་འགན་འཛིན་སོགས་ཡོད་པ་རེད་འདུག 

དེ་བཞིན་ཉེན་རྟོག་པས་ཧོང་ཀོང་ནང་གི་མང་གཙོར་རྒྱབ་སྐྱོར་བྱེད་མཁན་གྱི་གསར་ཁང་གསུམ་དུ་འཚོལ་ཞིབ་ཀྱི་བཀའ་ཤོག་འཁྱེར་ནས་སླེབས་ཡོད་འདུག་པ་དང་། ཁོ་ཚོར་ལོ་སྔོན་མའི་སྔོན་འགྲོའི་འོས་བསྡུའི་སྐབས་ཀྱི་འོས་མི་རྣམས་དང་འབྲེལ་བའི་ཡིག་ཆ་མཁོ་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག 

རྒྱལ་སྤྱིའི་ནང་གི་གསར་འགོད་རང་དབང་མཐུན་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས། ཧོང་ཀོང་གཞུང་གི་བྱ་སྤྱོད་དེར་སྐྱོན་བརྗོད་བྱས་འདུག དེ་བཞིན་ཨ་རིའི་འདེམས་ཐོན་སྲིད་འཛིན་རྗོ་བྷའེ་ཌན་གྱི་སྲིད་གཞུང་ནང་གི་ཕྱི་སྲིད་དྲུང་ཆེ་ཨན་ཀྲོ་ནི་བྷེ་ལི་ཀན་གྱིས། མང་གཙོ་དོན་གཉེར་བ་མང་པོ་ཞིག་སྡེབ་ཏུ་འཛིན་བཟུང་བྱས་པ་དེ་ནི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་ལ་དཔའ་ངར་ཆེན་པོའི་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་རྣམས་ལ་དྲག་གནོན་བྱས་པ་ཞིག་ཡིན་པས། སྲིད་འཛིན་བྷའེ་ཌན་སྲིད་གཞུང་ཧོང་ཀོང་མི་མང་རྒྱབ་ཏུ་ལངས་རྒྱུ་ཡིན་ཁར། རྒྱ་ནག་གིས་མང་གཙོར་དྲག་གནོན་གྱི་བྱ་སྤྱོད་ལ་ཁ་གཏད་གཅོག་རྒྱུ་ཡིན་སྐོར་བརྗོད་འདུག 

རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དེས་ཁ་བྲལ་རིང་ལུགས་པ་དང་། འཇིགས་སྐུལ་རིང་ལུགས་པ། ཕྱིའི་རྒྱལ་ཁབ་ཀྱི་ཤུགས་རྐྱེན། གཞུང་སྲིད་མགོ་རྟིང་སློག་པ་སོགས་འཐབ་རྒོལ་བྱེད་རྒྱུ་ཡིན་པ་དང་། དེ་ལ་བརྟེན་ནས་ཧོང་ཀོང་ནང་དུ་བརྟན་ལྷིང་ཕྱིར་ལོག་ཡོང་རྒྱུ་ཡིན་པ་དང་། ཆབ་སྲིད་ཀྱི་རང་དབང་བརྟན་པོ་གནས་རྒྱུ་ཡིན་པ། ཧོང་ཀོང་གྲོས་ཚོགས་ཀྱིས་འདས་པའི་ལོ་ཟླའི་ནང་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་གཏན་འབེབས་བྱེད་ཐུབ་མེད་སྐོར་བརྗོད་ཡོད་ཀྱང་། རྒྱ་ནག་གཞུང་གི་བྱེད་ལས་དེར་དགག་བྱ་བྱེད་མཁན་ཚོས། རྒྱ་ནག་སྐམ་ས་ཆེན་མོར་ཁྲིམས་དེ་བེད་སྤྱད་ནས་ཆབ་སྲིད་ཀྱི་ལྟ་ཕྱོགས་མི་མཐུན་པ་འཛིན་མཁན། འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་དང་ཁྲིམས་རྩོད་པ་སོགས་གཉའ་གནོན་དང་བཙོན་འཇུག་བྱེད་ཀྱི་ཡོད་པས། ཧོང་ཀོང་ནང་དུ་ཡང་དེ་ལྟར་འབྱུང་རྒྱུའི་སེམས་འཚབ་བྱས་ཡོད་པ་ལྟར། ཧོང་ཀོང་ནང་དུ་ཡང་མང་གཙོ་མིང་ཙམ་མ་གཏོགས་མེད་པ་ཆགས་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།