མཆོག་གི་གཏེར་གཏོན་གུ་རུ་ཆོས་ཀྱི་དབང་ཕྱུག་ཉེ་བར་དྲན་པ་ཆོས་དབང་དྲན་པའི་གསལ་འདེབས་ཞེས་བྱ་བ།
ཆོས་ཀྱི་དབང་ཕྱུག་སྐྱེ་འཆིའི་མཚན་མ་བྲལ། །ཆོས་ཀྱི་དབང་ཕྱུག་མཁའ་འགྲོའི་ཚོགས་ཀྱི་རྗེ། །ཆོས་ཀྱི་དབང་ཕྱུག་ཆུ་ཟླའི་གར་མཁན་མོ།།ཆོས་ཀྱི་དབང་ཕྱུག་འདི་ལྟར་བསམ་བརྗོད་བྲལ། །
གང་ན་ཆོས་ཀྱི་དབང་ཕྱུག་བཞུགས་པ་དང༌། །གང་དུ་ཆོས་ཀྱི་དབང་ཕྱུག་གཤེགས་པ་ཡི། །དམ་པའི་ལམ་དེ་བརྗོད་པའི་ཡུལ་མིན་ན། །ཁོ་བོས་ཆོས་ཀྱི་དབང་ཕྱུག་ཇི་ལྟར་འཚོལ། །
བྲམ་ཟེ་མདའ་སྣུན་ཞབས་ཀྱིས་གངྒ་བརྒལ། །ཆོས་ཀྱི་དབང་ཕྱུག་གངས་རིའི་རྩེ་ལ་ཕྱིན། །ག་ཆད་ངུ་བའི་བྱིས་པ་གཟིགས་ལགས་ན། །གང་དུ་གཤེགས་པའི་གནས་དེ་སྟོན་པར་མཛོད། །
ཅིས་ཀྱང་བྱ་རུ་མེད་པས་ཐབས་ཟད་དེ། །གཅེར་བུར་འགྲེ་ལྡོག་འབའ་ཞིག་བྱེད་པ་ཡི། །ཆོས་ཀྱི་དབང་ཕྱུག་སེམས་ཀྱི་གསང་བ་དེ། །མཐོང་བར་འདོད་ན་ཁང་སྟོང་ནང་དུ་རྒྱུགས། །
སྒྲ་སྙན་དཀྲོལ་གྱིན་གླུ་དབྱངས་ལེན་འདོད་ནས། །ཆོས་ཀྱི་དབང་ཕྱུག་ལོ་མང་བསླབས་གྱུར་ཀྱང༌། འཁྲོལ་གྱིན་འཁྲོལ་གྱིན་སྒྲ་སྙན་རྒྱུན་ཐག་ཆད། །ད་ནི་ཆོས་དབང་སྒྲ་ལ་ཞེན་པ་མེད། །
དོན་གྱི་ཆོས་དབང་ནམ་མཁའི་མཐའ་དང་མཉམ། །རིག་པའི་ཆོས་དབང་ལྷན་སྐྱེས་གཤིས་སུ་ཤར། །བླ་མ་ཆོས་དབང་རྔ་ཡབ་དཔལ་རིར་བཞུགས། །གསོལ་བ་ཐོབ་དང་ཐོབ་དང་མཇལ་བར་ངེས། །
གཤིས་ཀྱི་ཆོས་དབང་དྲན་པས་མཁའ་ལ་ལྟོས། །རིག་པའི་ཆོས་དབང་དྲན་པས་གཤིས་ལ་ཞོག །གུ་རུ་ཆོས་དབང་དྲན་ཚེ་གདུང་བས་བོས། ཆོས་དབང་ཐུགས་ལ་ཕྱོགས་ལྷུང་ཡོད་མ་ཡིན། །
ཉང་སྟོན་ཉི་མའི་འོད་ཟེར་སྔ་ནས་ནུབ། །ཆོས་དབང་ཟླ་བ་གང་བའི་དཀྱིལ་འཁོར་འགྲིབ། །བརྒྱུད་པ་དྲུག་ལྡན་ནོར་བུའི་ཐང་མ་དེ། །ཀྱེ་མ་རི་མོའི་མར་མེ་བཞིན་དུ་གྱུར། །
ཟང་ཟིང་སྒྱུ་མའི་གར་གྱིས་ཡིད་བསླུས་ནས། །ལྟར་སྣང་ཉེར་སྤྱོད་འཛིན་པའི་རང་རིགས་ཀྱང༌། །སྡེ་གསུམ་མཁའ་འགྲོའི་སྙིང་གི་ཨ་མྲིཏ། །ཕྱོགས་ལྷད་མགྲོན་པོ་བཞིན་དུ་སྟོར་བར་གྱུར། །
བཀའ་བརྒྱད་རྣམ་གསུམ་པདྨའི་ཞལ་ཆེམ་དངོས། །སྲོག་སྡོམ་གཟེར་བཞི་པདྨའི་མན་ངག་ཉིད། །བླ་རྫོགས་ཐུགས་གསུམ་པདྨའི་ཕ་ཕོག་སྟེ། །འདི་གསུམ་མི་འཛིན་པདྨའི་བསྟན་ལ་ཕངས། །
ཆོས་དབང་གདུང་རབས་རིགས་ཀྱི་ཕྲེང་བ་རུ། །ལས་བསྐལ་སྨོན་ལམ་ཐེབས་པའི་སྐྱེས་བུ་ཁྱེད། །མེས་པོའི་ཕ་ནོར་ཆོས་ཀྱི་རྒྱལ་ཐབས་དེ། །ནམ་ཡང་ཡལ་བར་མི་འདོར་འཛིན་པར་འཚལ། །
གདུང་དང་སྲས་ཀྱི་རིགས་སུ་གྱུར་ཙམ་གྱིས། །བསྟན་ལ་ཕན་དཀའ་མར་པའི་སྲས་བརྒྱུད་བཞིན། །འོན་ཀྱང་དད་དང་ལས་འཕྲོའི་རྟེན་འབྲེལ་འདི། །ཐབས་ལ་མཁས་ན་གཞན་ལས་ཁྱད་པར་འཕགས། །
ལྷོ་མོན་ཤིང་ལོའི་ནགས་ཀྱི་སྨན་ལྗོངས་དང༌། །གངས་ལྗོངས་དབྱིག་འཛིན་གསེར་གྱི་པདྨོ་སྟེ། །ལྟེ་བ་བཅད་པའི་ཞིང་ཁམས་ཐ་དད་ཀྱང༌། །ལས་སྨོན་སྟོབས་ཀྱིས་འཛོམས་འདི་ཡིད་རེ་སྤྲོ། །
ཁྱེད་ནི་ཆོས་ཀྱི་དབང་པོའི་རིགས་ཀྱི་གདུང༌། །ཁོ་བོ་ཆོས་ཀྱི་དབང་ཕྱུག་བསྙེན་པའི་འབངས། །ཐུན་མིན་ལས་ཀྱིས་འབྲེལ་བའི་གཉེན་རྩིས་དེ། །ཆོས་དབང་དྲན་པའི་རྟེན་འབྱུང་བརྡ་རུ་ཤར། །
བདག་ནི་པདྨ་ཆོས་དབྱངས་ཁྱབ་བརྡལ་སོགས། །ཐུགས་རྗེ་མངའ་བའི་བླ་མས་རྗེས་བཟུང་ཡང༌། །རང་མགོ་རང་གིས་བསྐོར་བའི་རྫུ་བག་ལས། །བརྒྱུད་པའི་བྱིན་བརླབས་སྨིན་པའི་རྟོགས་ལྡན་མིན། །
འོན་ཀྱང་པདྨའི་མན་ངག་འབའ་ཞིག་ལས། །གལ་ཏེ་གཞན་ལས་སངས་རྒྱས་འཚོལ་གྱུར་ན། །ཁོ་བོའི་མགོ་བོ་རྒྱན་དུ་འཇོག་པའི་རྔ༌། །ས་གསུམ་ཀུན་ཏུ་རྡུངས་ཤིག་ཀུ་མ་ར། །
སླད་ཀྱང་མཚོ་སྐྱེས་རྒྱལ་བ་ཡབ་སྲས་ཀྱི། །བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ། །མངོན་སུམ་ལུང་ཐོབ་བཙན་ས་མ་ཟིན་པར། །མི་འབྲལ་ཆོས་ཀྱིས་འཚོ་བའི་གྲོགས་པོར་ཤོག །
ཅེས་པ་འདི། དཔལ་རྫོང་སར་གྱི་གཙུག་ལག་ཁང་དུ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གདུང་རྒྱུད་རིན་པོ་ཆེའི་རིགས་སྲས་རིག་འཛིན་དབང་ཕྱུག་དང་ལྷན་དུ། འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའི་མདུན་ནས་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་ཞུ་སྐབས་ཀྱི་ཕྱི་དྲོའི་ཐུན་མཚམས་ཤིག་ལ་བླ་མ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་དགོངས་སྤྱོད་རྗེས་སུ་དྲན་པའི་ཉེར་ལེན་གྱིས་མཚམས་སྦྱར་དེ་བྲི་བ་པོ་ནི། རྫ་ཚེ་རིང་བཀྲ་ཤིས་སོ། །མེ་ཁྱི་བོད་ཟླ༡༡ཚེས༡ལའོ། །