ཤར་རྒྱ་མཚོའི་སྤྲིང་ཡིག
སྐྱེ་བོ་དག་གིས་རང་གི་དོན་གྱི་ཕྱིར། །
སྣ་ཚོགས་ལས་ལ་འབད་པ་རིགས་པ་སྟེ། །
བདག་ཀྱང་མི་ཚེའི་འཚོལ་སྙེགས་དེ་ཀའི་ཕྱིར། །
དེ་རིང་མཐའ་ཡས་རྒྱ་མཚོའི་འགྲམ་དུ་བསླེབས། །
ཁར་ནུབ་ཧིན་དྷུའི་རྒྱ་མཚོ་རྒྱབ་ཏུ་བསྐྱུར། །
ཁར་རྩང་ཞི་བདེའི་རྒྱ་མཚོ་ཉམས་སུ་བསྟར། །
ད་དུང་གཅིག་ཐིག་(འཛམ་གླིང་གི་ཁང་བརྩེགས་མཐོ་ཤོས་ཨང་གཉིས་པ་ཐེ་ཝན་གྱི་༡༠༡ཁང་ཆེན)གཅིག་གི་ཁང་རྩེ་ནས། །
སྨེ་བདུན་རི་བོའི་(༡༠༡ཁང་ཆེན་གྱི་སྟེང་ནས་མཐོང་བའི་ཐེ་ཝན་བྱང་ཁུལ་གྱི་རི་བོ་མིང་ཅན་ཞིག)སྨུག་སྤྲིན་ཐོད་དུ་བླངས། །
ཉི་འོད་རི་བོའི་(འདི་ཡང་ཐའེ་བྱང་གི་རི་བོ་མཐོངས་ཡངས་པ་ཞིག་སྟེ་འདི་རྒྱབ་ལོགས་རྒྱལ་ཁབ་ཀྱི་རང་བྱུང་མཛེས་ལྗོངས་སུ་གཏོགས་ཤིང་ཆུ་ཚན་མང་པོ་ཡོད)དགོངས་ཀའི་མཚམས་སྤྲིན་དང་། །
ཡང་ན་སྨན་གྱི་ཆུ་ཚན་འཕྱུར་བའི་རླངས། །
གཞན་ཡང་མེ་རི་གཉིད་པའི་དུ་བ་(འདི་ཉི་འོད་རི་བོའི་མདུན་ངོས་ནས་ཐའི་པེ་ལ་ལོག་སའི་རི་སུལ་ན་ཡོད་ཅིང་། གྲོག་རོང་ལས་རང་བཞིན་གྱིས་འཕྱུར་བཞིན་པའི་མེ་རིའི་དུ་བ)སོགས། །
ཡ་མཚན་མིག་གི་ལྟད་མོ་གཞན་ཡང་བལྟས། །
ལེ་ལོ་ཆེ་ཡང་ཕུགས་བསམ་བཟང་བ་དང་། །
འཇོན་ཐང་ཞན་ཡང་རེ་བས་ཕྱུག་པ་ཡི། །
ས་མཐོ་བོད་ཀྱི་འབྲོག་ཕྲུག་སྣབ་ལུད་ང་། །
ཀྲུང་ཧྲན་སློབ་གྲྭ་ཆེན་མོར་མཆིས་སོ་ལོ།
རྒྱལ་བཙུགས་(རྒྱལ་ཁབ་ཀྱི་གཞུང་འབྲེལ་སློབ་གྲྭ་མཐོ་ཤོས)ཀྲུང་ཧྲན་སློབ་གྲྭ་ཆེན་མོ་དེ། །
དབེན་འཇགས་རི་བོའི་སུལ་ན་རབ་ཏུ་བརྗིད། །
དེ་ཡི་མདུན་ན་དུས་ཀྱི་རླབས་ཕྲེང་ཅན། །
མུ་མེད་རྒྱ་མཚོའི་མཆོད་ཡོན་ཡིད་དུ་འོང་། །
དལ་བུས་བསྐྱོད་ཅིང་བསྐྱོད་པའི་གྲུ་རྫིངས་དག །
ཟོང་གིས་ཕྱུར་བར་བལྟམས་པས་འགྲོ་བ་བཞིན། །
སློབ་རའི་ན་གཞོན་སྒེག་པའི་དཔལ་ལྡན་པ། །
དེ་དག་ཀྱང་ནི་རིག་པའི་ནོར་ལ་ཆགས། །
རབ་མཛེས་བཀྲག་རྩི་དམར་སྨུག་འབའ་ཞིག་གིས། །
མཚོན་རྟགས་ལྟ་བུའི་ཁ་དོག་རབ་གསལ་བའི། །
བབ་ཆགས་ཡིད་དུ་འོང་བའི་སློབ་གླིང་འདིས། །
ཞི་ཞིང་འཇགས་ལ་དབེན་པའི་ངལ་གསོ་སྟེར། །
དགོང་དང་ཞོགས་པར་བསིལ་རླུང་སིལ་སིལ་ལྔང་། །
ཆལ་ཆིལ་ལོ་མའི་འགུལ་སྐྱོད་བག་ཀྱིས་ཚོར། །
དེ་ཡིས་བདག་སེམས་སྔར་ལས་དྭངས་བསིལ་ཏེ། །
རང་བྱུང་གཤིས་ལ་ཐིམ་པའི་གླུ་དབྱངས་ལེན། །
ཕྲ་སྦོམ་ཡལ་འདབ་འཛིངས་པ་ལྗོན་པའི་ཤིང་། །
བར་མེད་བསྟར་དུ་བསྒྲིགས་པའི་ལམ་ཕྲན་ནས། །
ཞོགས་དུས་གཅིག་པུར་འཛིན་གྲྭར་བསྐྱོད་པ་དེས། །
བདག་ལ་མི་ཚེའི་དྲིས་ལན་གཞན་ཞིག་ཐོབ། །
ཤིན་ཏུ་རྒས་ཀྱང་འཆི་བའི་མཐར་མ་ཐུག །
རབ་ཏུ་བླུན་ཡང་རྨོངས་པའི་མིང་མ་ཁུར། །
ཡ་མཚན་མི་ཚེའི་རིན་ཐང་གཞན་ཞིག་གིས། །
སྐབས་འགར་བདག་ལ་བདེ་དགའི་སྣང་བ་སྦྱིན། །
སྒོ་ར་གཅིག་ཏུ་གླིང་ལྔའི་སློབ་གྲོགས་འཛོམས། །
འཛིན་ཁང་གཅིག་ཏུ་མཐའ་བཞིའི་སྐད་རིགས་སྨྲ། །
ཡ་མཚན་ཡིད་དུ་འོང་བའི་སློབ་གླིང་འདི། །
ངེས་པ་དོན་གྱི་རྒྱལ་སྤྱིའི་ལྟེ་གནས་ཞིག།།
འདི་ཡི་མཐོང་ཐོས་མྱོང་བ་གང་ཡིན་པས། །
བདག་སེམས་ཤིང་ལོ་གཡོས་པའི་རྣམ་འགྱུར་ཀུན། །
སུ་ལ་གཅིག་ལས་མེད་པའི་མི་ཚེའི་ཆེད། །
མགྱོགས་པའི་བང་ཁ་བསྐུལ་བའི་གཡབ་མོར་གསལ། །
ཐེ་རླུང་(ཐེ་ཧྥུང་དུ་གྲགས་པའི་རྒྱ་མཚོ་ལས་ལངས་པའི་དྲག་ཆར་རླུང་འཚུབ་གཏོར་བརླགས་ཀྱི་ནུས་པ་ཆེན་པོ་ཡོད་པ་ཞིག་སྟེ། ལོ་ལྟར་ཟླ་བ་དགུ་པ་ཡས་མས་ལ་ཤས་ཆེར་ཡོང་གིན་ཡོད་སྐད)ཐོལ་གྱིས་ལྡང་བའི་ཟླ་བ་ལ། །
རླབས་ཀྱི་གདེངས་ཀ་ལས་སྐྱེས་མཆེ་རྣོན་ཅན། །
མཚོ་འདི་འཇིགས་སུ་རུང་བ་གཞན་ཞིག་སྟེ། །
དུས་ཀྱི་རྩེད་མོ་འདི་ལ་ཅི་བྱར་ཡོད། །
བྱིས་པའི་བློ་རིག་ཕྱུགས་ཀྱི་རྗེས་ལ་བསྟིམས། །
གཞོན་པའི་ལང་ཚོ་དབེན་པའི་རི་ལ་བསྐུངས། །
བགད་ན་མི་འཚམ་ངུས་ན་མི་རུང་བའི། །
དུས་ཀྱི་ཆོས་ཉིད་མང་ཞིག་གཞི་ནས་ཚོར། །
ཀྱེ་མ་ཁྱེད་ཀྱི་ལང་ཚོ་གཅེས་པ་སྟེ།
གཅེས་པའི་ལང་ཚོ་དེ་ལྟར་མི་ཚོར་ན།
བདག་མགྲིན་ལས་སྐྱེས་<<ལང་ཚོའི་ནམ་ཟླ་>>(ཕྲན་གྱིས་བྲིས་པའི་སྙན་ངག་གི་ལམ་ནས་ལང་ཚོའི་རིན་ཐང་བརྗོད་པ་ཞིགwww.tibettimes.net/blogs.php?id=89&post_id=2914)ཡིས། །
ལང་ཚོའི་ཁ་དོག་སླར་ཡང་རྟོགས་པར་མཛོད། །
ཀྱེ་མ་ཁྱེད་ཀྱི་དུས་ཚོད་གཅེས་པ་སྟེ། །
གཅེས་པའི་དུས་འདི་དེ་ལྟར་མི་ཚོར་ན། །
བྱི་བས་རྩྭ་ཐག་རིས་ཀྱིས་གཅོད་པའི་དཔེས(བར་དོ་ཐོས་གྲོལ་ལས་བྱུང་བའི་ཚེ་གཅེས་པར་འཛིན་དགོས་པ་སྟོན་པའི་དཔེ་ཞིག)། །
དུས་ཀྱི་རིན་ཐང་མངོན་དུ་འགྱུར་བར་མཛོད། །
བློ་ལྡན་ཐོས་ལ་དགའ་བ་བདག་གི་བུ། །
ཁོ་བོའི་སྙིང་ལ་ཇི་ལྟར་གཅེས་པ་ཡི། །
རེ་བའི་འདུན་མ་ནམ་ཡང་མི་བསླུ་བས། །
དགོས་པའི་དོན་དེ་ངེས་པར་སྤྱད་དུ་གསོལ། །
ཉལ་ནས་རྒས་སམ་བསྡད་ནས་རྒས་པ་ལ། །
དོན་གྱི་མཆོག་དམན་བརྩི་རུ་མི་གཏུབ་ན། །
ཞལ་དན་ཚིག་ལ་གནས་པའི་སྙིང་རུས་ཀྱིས། །
དང་པོ་རང་གི་ལམ་དེ་བདམ་དུ་གསོལ། །
ཚེར་མའི་ནགས་སུ་ཁྱོད་ལ་གང་ཡང་མེད། །
ཚེར་མའི་ནགས་ཚལ་ཀོ་བའི་ལྷམ་གྱིས་བརྒལ། །
ད་དུང་གཤིན་ཐང་གཞན་དང་གཞན་ཡོད་པ། །
ཕལ་ཆེར་སེམས་སུ་བསྒོམས་ལ་སྙོམས་པར་གྱིས། །
དུས་ཀྱི་དཔལ་ཡོན་དཔྱིད་ཀྱི་མཛེས་འབར་བ། །
གལ་ཏེ་ཁྱོད་ཀྱང་དེ་ཡི་ལྷུམ་ཞུགས་ན། །
སྲིད་ན་རྙེད་དཀའ་རྙེད་པའི་དངོས་ཐོབ་བཞིན། །
དགའ་བདེའི་དྲོད་ཀྱིས་ཁྱོད་ལ་འཁྱུད་པར་འགྱུར། །
ངས་ཀྱང་མ་ཡིས་ཟས་མཆོག་རྙེད་པ་བཞིན། །
ཡ་མཚན་ཡིད་ལ་སྨིན་པའི་སྐད་ཅིག་བཞིན། །
ཁྱོད་ཀྱང་འདི་ལྟར་སྤྱད་དུ་ཡོད་ན་ཞེས། །
བཅོས་མིན་ཐོལ་གྱིས་དྲན་པ་ཐེངས་གཅིག་མིན། །
སྐྱ་ཆེན་རྒད་པོ་(ཁོང་གི་ཕ་ཡབ)དུས་ཀྱི་ཆོས་སུ་ཕྱིན། །
ནོར་དགའི་(ཕྲན་གྱི་སྐྱེད་མ)ཚེ་ལྷག་ལ་ཁའི་ཟེར་ལྟར་རྒུད། །
གཅེས་པའི་ཡབ་ཡུམ་བྲལ་བ(ཁོང་གི་མ་ཆུང་དུས་ནས་གྲོང་ཟིན་ཅིང་། ཕྲན་གྱི་ཕ་ཨ་མ་དང་ལོགས་སུ་ཡོད་པས་ང་གཉིས་ཁོང་རྣམ་པ་གཉིས་ལ་བསྟེན་ནས་མཚར་ལོང་བྱུང་བ་ཡིན)འི་ཁྱོད་དང་ངའི། །
མཐར་ཐུག་དོན་གྱི་སྐྱབས་གསུམ་རང་ལ་བཅོལ། །
བདག་ལ་བཅོས་མིན་གྱི་བློ་རྩེ་གཏོད་པའི་སྔོན་གྱི་སློབ་བུ་མཁན་པོ་ཕུར་རྣམ་ལ་སྤྲིངས་པ་ཤར་རྒྱ་མཚོའི་སྤྲིང་ཡིག་ཅེས་པ་འདི་ཡང་། ཤར་ཕྱོགས་ཀྱི་རྒྱ་མཚོའི་གླིང་ཕྲན་ཐེ་ཝན་གྱི་ཀྲུང་ཧྲན་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་ཉལ་ཁང་གི་རང་ཤག་ཏུ་རྫ་ཚེ་རིང་བཀྲ་ཤིས་ནས་བོད་རྒྱལ་ལོ་ ༢༡༣༧ ཟླ་བ་ ༨ ཚེས་ ༥ ཉིན་བྲིས་ཏེ་ཕུལ།