ཧིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅུ་ལྷག་གིས་རྒྱ་གར་གྱི་ཨོ་ལིམ་ཕིག་རྩེད་འགྲན་ལྷན་ཚོགས་ལ་ཞུ་ཡིག་ཕུལ་འདུག

རྒྱ་གར་དུ་རྟེན་གཞི་བཅས་པའི་ཧིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པ་པའི་ཚོགས་པ་ ༡༡ གིས་མཉམ་འབྲེལ་ཐོག་ནས་རྒྱ་གར་གྱི་ཨོ་ལིམ་ཕིག་རྩེད་འགྲན་ལྷན་ཚོགས་ལ་(the Indian Olympic Association) ཞུ་ཡིག་ཅིག་ཕུལ་ནས་ ༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་ནང་མཉམ་ཞུགས་བྱེད་དགོས་མིན་བསྐྱར་ཞིབ་བྱེད་པའི་འབོད་སྐུལ་ཞུས་འདུག

ཕྱི་ཟླ་ ༦ ཚེས་ ༢༣ ཉིན་རྒྱ་གར་གྱི་ཨོ་ལིམ་ཕིག་རྩེད་འགྲན་ལྷན་ཚོགས་ཀྱི་འགན་འཛིན་ནཱ་རན་ཌར-བྷ་ཌར་(Dr. Narinder Batra) ལ་ཕུལ་བའི་ཞུ་ཡིག་དེའི་ནང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ ༡༡ གིས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་མེད་པའི་དཀའ་ངལ་ཚབས་ཆེན་འབྱུང་བཞིན་ཡོད་པའི་ཐོག ལྷག་པར་དུ་ཧིན་བོད་ཀྱི་ས་མཚམས་ནས་རྒྱ་ནག་གིས་བཙན་འཛུལ་བྱེད་ཀྱིན་ཡོད་སྟབས། རྒྱ་གར་གྱི་ཨོ་ལིམ་ཕིག་རྩེད་འགྲན་ལྷན་ཚོགས་ནས་༢༠༢༢ ལོའི་དགུན་ཁའི་རྩེད་འགྲན་ཆེན་མོར་མཉམ་ཞུགས་བྱེད་དགོས་མིན་བསྐྱར་ཞིབ་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག

༢༠༢༢ ལོའི་དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་དེ་ཕྱི་ལོ་ ༢༠༢༢ ལོའི་ཕྱི་ཟླ་ ༢ པའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་གཏན་འཁེལ་ཡོད་ཅིང་། དེ་ནི་ ༢༠༠༨ ལོའི་དབྱར་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་རྗེས་སུ་རྒྱ་ནག་ཏུ་འཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་རྩེད་མོའི་འགྲན་བསྡུར་ཆེ་ཤོས་དེ་ཆགས་ཡོད་འདུག  

ལོ་སྔོན་མའི་ཕྱི་ཟླ་ ༩ པའི་ནང་། བོད་དང་ཡུ་གུར། ལྷོ་སོག ཧོང་ཀོང་། ཐའེ་ཝན་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལས་འགུལ་ཚོགས་པ་ ༡༦༠ ཙམ་གྱིས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཐོ་མཱ་སེ་བྷ་ཆེ་(Thomas Bach) ལ་ཞུ་ཡིག་ཅིག་ཕུལ་ནས་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་ལྟ་བ་ལངས་ཕྱོགས་དང་ཆེ་མཐོང་ལ་མི་གནོད་པའི་ཆེད་ ༢༠༢༢ ལོའི་པེ་ཅིང་རྩེད་འགྲན་ཆེན་མོ་ཕྱིར་འཐེན་བྱེད་པའི་དགོས་འདུན་བཏོན་ཡོད་ན་ཡང་། ལྷན་ཚོགས་ནས་རྩེད་མོ་དང་ཆབ་སྲིད་མཉམ་བསྲེ་བྱེད་རྒྱུ་མིན་ཚུལ་བཤད་ནས་རེ་འདུན་དེར་མོས་མཐུན་བྱས་མེད།

ཧིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཞུ་ཡིག་དེའི་ནང་། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་དཔང་རྟགས་མངོན་གསལ་དོད་པོ་ཡོད་ན་ཡང་། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་གང་ཡང་བྱེད་ཀྱི་མེད་པར་བརྟེན། ལས་འགན་དེ་རྒྱལ་ཁབ་སོ་སོའི་རྩེད་འགྲན་ལྷན་ཚོགས་ཁག་གི་ཕྲག་ཏུ་བབ་ཡོད་པས། ང་ཚོས་རྒྱ་གར་གྱི་ཨོ་ལིམ་ཕིག་རྩེད་འགྲན་ལྷན་ཚོགས་ལ་ནུས་ཤུགས་ཆེ་བའི་བྱ་འགུལ་ཞིག་སྤེལ་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། སྙིང་སྟོབས་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་བྱ་སྤྱོད་ནི་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་ཨོ་ལིམ་རྩེད་འགྲན་ཆེན་མོ་བཀག་སྡོམ་བྱེད་རྒྱུ་དེ་ཡིན་ཞེས་ཞུས་འདུག

དེ་ཡིས་མ་ཚད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་དག་གིས་རྒྱ་གར་གྱི་ཨོ་ལིམ་ཕིག་རྩེད་འགྲན་ལྷན་ཚོགས་ཀྱི་འགན་འཛིན་དང་སྐུ་ཚབ་་མཇལ་འཕྲད་བྱས་ནས་བོད་དང་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་གོ་རྟོགས་སྤེལ་བ་དང་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་གནང་བའི་རེ་སྐུལ་ཞུས་འདུག་པ་མ་ཟད། རྩེད་འགྲན་ལྷན་ཚོགས་ཀྱི་ངོས་ནས་རྩེད་འགྲན་པ་ཚོ་ལ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནས་ཚུལ་གསལ་པོར་ཤེས་སུ་འཇུག་དགོས་པའི་འབོད་སྐུལ་ཡང་ཞུས་འདུག

༢༠༢༢ ལོའི་པེ་ཅིང་གི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་འཚོགས་པའི་དུས་ཚོད་ཇེ་ཉེར་ཡོང་བཞིན་པ་དང་སྦྲགས།  རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་དེ་བཀག་སྡོམ་(Boycott) བྱེད་པའི་དགོས་འདུན་འདོན་མཁན་གྱི་ཚོགས་པ་དང་། མི་སྒེར་ཇེ་མང་དུ་འགྱུར་ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།