༧གོང་ས་མཆོག་ནས་བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོས་བསྩལ་གཏན་འཁེལ་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉིན་གཉིས་ཀྱི་རིང་དྲ་ལམ་བརྒྱུད་ནས་་བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོས་བསྩལ་གཏན་འཁེལ་འདུག
ལ་དྭགས་ནང་པའི་ཚོགས་པ་དང་། ལ་དྭགས་དགོན་པའི་ཚོགས་པ། ཁྲིག་སེ་རིན་པོ་ཆེ་བཅས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༧གོང་ས་མཆོག་གིས་སང་ཉིན་ཏེ་ཕྱི་ཟླ་༧ པའི་ཚེས་༡༣ ནས་དབུ་བཙུགས་ཏེ་ཉིན་གྲངས་གཉིས་ཀྱི་རིང་ལ་དྲ་ལམ་བརྒྱུད་དེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་གསུང་ཆོས་དང་དྲི་བ་དྲིས་ལན་མཛད་གཏན་འཁེལ་འདུག་པ་དང་། མཛད་རིམ་རྣམས་སྔར་རྒྱུན་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་ཨིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་རེད་འདུག
བདུན་ཕྲག་གོང་མར་༧གོང་ས་མཆོག་དགུང་གྲངས་༨༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། སྐུའི་འཁྲུངས་སྐར་ཉིན་རྒྱ་གར་གྱི་བློན་ཆེན་མོ་དྷིས་གཙོས་པའི་འཛམ་གླིང་གི་དབུ་ཁྲིད་དང་མི་སྣ་རྣམས་ཀྱིས་ཁོང་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམངས་འདྲི་དང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུས་ཡོད་པ་རེད།
ཕྱི་ལོ་༢༠༢༠ ལོའི་ཟླ་༢ པའི་འགོ་སྟོད་དུ་སྐུ་སྒེར་ཡིག་ཚང་ནས་ནད་ཡམས་ཀྱི་དཀའ་ཉེན་ལ་བརྟེན་ནས་༧རིན་པོ་ཆེའི་མི་མང་དང་འབྲེལ་བའི་མཛད་འཆར་མཐའ་དག་དུས་ཡུན་ངེས་མེད་ལ་ཕར་འགྱངས་བྱས་པ་ཡིན་པའི་གསལ་བསྒྲགས་སྤེལ་བ་ནས་བཟུང་། ༧རིན་པོ་ཆེ་མཆོག་གིས་དྲ་ལམ་བརྒྱུད་དེ་བཀའ་སློབ་དང་གསུང་ཆོས་བསྩལ་བཞིན་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབརྟན།