ཨ་རིའི་ཚོང་ལས་ཁང་ཞིག་གིས་རྒྱ་ནག་ལ་དགོངས་སེལ་ཞུས་འདུག 

རྒྱལ་སྤྱིའི་ནང་ཚོང་ལས་ཁང་མི་ཉུང་བ་ཞིག་གིས་རྒྱ་ནག་ནང་གི་ཁྲོམ་རར་ཚོང་ལས་བྱེད་ཐུབ་པའི་ཆེད་དུ། རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་ལངས་ཕྱོགས་དང་མི་མཐུན་པའི་བྱ་སྤྱོད་ལ་མི་འཇུག་པའི་ཐབས་ཤེས་བྱེད་ཀྱི་ཡོད་པ་དང་། སྐབས་རེ་ལས་དོན་ལ་བརྟེན་ནས་རྒྱ་ནག་གཞུང་དང་མི་མང་གིས་སྐྱོན་བརྗོད་བྱེད་སྐབས། རང་ཉིད་འགྲིག་ཡོད་ཀྱང་དགོངས་སེལ་ཞུ་ཡི་ཡོད་པ་ལྟར། ཐེངས་འདིར་ཨ་རིའི་ཚོང་ལས་ཁང་ཆེ་གྲས་ཤིག་གིས་རྒྱ་ནག་ལ་དགོངས་སེལ་ཞུས་འདུག 

ཟླ་༧ པའི་ཚེས་༢༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་པར་ཆས་དང་དཔར་སྐྲུན་སོགས་ཀྱི་ཡོ་ཆས་བཟོ་སྐྲུན་བྱེད་མཁན་གྱི་ཚོང་ལས་ཁང་ཆེན་པོ་(Kodak) ཡི་སྤྱི་ཚོགས་དྲ་ལམ་ཨན་སེ་ཌི་གྷེ་རམ་ཐོག་ཏུ། ཧྤ་རན་སིའི་པར་ལེན་པ་པཱེ་ཀྲེག་ཝེག་གིས་ཡུ་གུར་ཁུལ་གྱི་ཡུལ་ལྗོངས་སུ་བླངས་པའི་པར་ཁག་ཅིག་དང་དེ་དག་འགྲེལ་བརྗོད་རྣམས་བཞག་ཡོད་པ་རེད། པར་ལེན་པ་དེས་ཡུ་གུར་ཁུལ་གྱི་པར་རྣམས་ཀྱི་འགྲེལ་བཤད་ཐོག་ཏུ། ཡུ་གུར་ས་གནས་སུ་ཡུ་གུར་མི་རིགས་དང་ཁ་ཆེ་གྲངས་ཉུང་མི་རིགས་གཞན་རྣམས་དོ་དམ་དང་བཙོན་འཇུག་གང་བྱུང་བྱེད་ཀྱི་ཡོད་སྐོར་བྲིས་ཡོད་པ་རེད། 

རྗེས་སུ་ཚོང་ལས་ཁང་དེས་པར་དེ་དག་དྲ་ཐོག་ནས་ཕྱིར་འཐེན་བྱས་ཏེ་བསྒྲགས་གཏམ་ཞིག་སྤེལ་འདུག་པ་དང་། དེའི་ནང་དུ་པར་ལེན་པ་པཱེ་ཀྲེག་ཝེག་གི་པར་རྣམས་ཉེ་ཆར་ཁོ་ཚོའི་སྤྱི་ཚོགས་དྲ་ལམ་ཨན་སེ་ཌི་གྷེ་རམ་ཐོག་ཏུ་སྤེལ་ཡོད་པ་དང་། པར་རིས་དེ་དག་འགྲེལ་བཤད་རྣམས་པར་ལེན་པས་མཁོ་སྤྲོད་བྱས་པ་ལས་ཚོང་ལས་ཁང་གིས་བྲིས་མེད། ཁོ་ཚོའི་སྤྱི་ཚོགས་དྲ་ལམ་དེ་སྲིད་དོན་གྱི་སྡིངས་ཆའི་ཆེད་དུ་མིན་སྐོར་བརྗོད་ནས་མཆན་འབྲི་རྒྱུ་མེད་པ་བཟོས་ཡོད་འདུག 

དེ་བཞིན་ཚོང་ལས་ཁང་དེས་པར་ལེན་པ་ཁོང་གིས་བརྗོད་པའི་བསམ་ཚུལ་རྣམས་ཚོང་ལས་ཁང་གི་བསམ་ཚུལ་མིན་ཁར་རྒྱབ་སྐྱོར་ཡང་བྱེད་ཀྱི་མེད་པས། དོ་ཕོག་བཏང་བ་དང་གོ་ནོར་ཐེབས་པ་བྱུང་ཡོད་ཚེ་དགོངས་སེལ་ཞུ་རྒྱུ་ཡིན། དུས་ཡུན་རིང་པོའི་རིང་ཚོང་ལས་ཁང་དེ་རྒྱ་ནག་གཞུང་དང་ལས་ཁང་མང་པོ་ཞིག་དང་མཉམ་དུ་འབྲེལ་བ་ཡག་པོ་ཡོད་པས། མུ་མཐུད་ནས་རྒྱ་ནག་གཞུང་དང་ཁྲིམས་ལ་གུས་བརྩི་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག 

རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ཐོག་ཏུ། གནད་དོན་དེ་དང་འབྲེལ་ནས་པར་ལེན་པ་དེས་དངུལ་གྱི་ཆེད་དུ་ལས་ཀ་འདི་འདྲ་བྱས་པ་ཡིན་པའི་ཉེས་འཛུགས་བྱས་ཡོད་འདུག 

རྒྱ་ནག་ནང་དུ་ཨ་རིའི་ཚོང་ལས་ཁང་དེའི་བཟོ་གྲྭ་གཉིས་ཡོད་འདུག་པ་དང་། བཟོ་གྲྭ་དེ་གཉིས་ནས་བཟོ་སྐྲུན་བྱས་པའི་ཚོང་ཟོག་བརྒྱ་ཆ་༧༠ ཕྱིར་འདྲེན་བྱེད་ཀྱི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།