རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་འདུག
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་དུ་བོད་མི་ཝུ་ཧན་ཏོག་དབྱིབས་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་༡༧༨ བྱུང་ཡོད་པ་དང་། ད་ལྟའི་ཆར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁུལ་དུ་ད་ལྟ་ནད་མནར་བཞིན་པ་ཁྱོན་མི་གྲངས་༡༧༥ དང་། ཏི་ཛུ་དར་རྒྱས་གླིང་དུ་མི་གྲངས་ ༤༥ ཆགས་ཀྱི་ཡོད་པ་རེད་འདུག
ཟླ་༧ པའི་ཚེས་༢༩ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་༧༠ པ་དེ་སྤེལ་ཡོད་པ་རེད། ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་༡༢ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་༤ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་༡༦ ནང་གི་བོད་མི་རང་ཁྱིམ་དུ་མི་གྲངས་༥༩༧ དང་། སྒྲིག་འཛུགས་ནས་མཐུན་འགྱུར་སྦྱར་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་༥༤༨ བཅས་ཁྱོན་བསྡོམས་བོད་མི་གྲངས་༡༡༤༥ འགོག་དབྱེ་ཟུར་བཀག་ནང་ཡོད་པ་རེད།
ད་བར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་དབུས་བོད་ཀྱི་སྨན་རྩིས་ཁང་ནས་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཁྱོན་བསྡོམས་མི་གྲངས་ ༤༠༩༤༥ ལ་རིན་མེད་བགོ་འགྲེམས་གནང་ཡོད། སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་འདིའི་ནང་མི་གྲངས་༩༢ ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སློབ་གསོ་གནང་ཐུབ་པ་བྱུང་ཡོད། ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༡༤ དང་བལ་ཡུལ་ནང་གི་ས་གནས་ ༢ བཅས་ཀྱི་བོད་མི་གྲངས་ ༧༠༨ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད།
དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་འགོ་ཚུགས་པ་ནས་བཟུང་དབུས་དང་ས་གནས་ཛ་དྲག་ཆོགས་ཆུང་ནས་ས་གནས་རྫོང་དང་མངའ་སྡེ་སོ་སོར་འབྲེལ་བ་ཞུས་ཏེ་ད་བར་རྒྱ་གར་ནང་གི་བོད་མི་གྲངས་༢༨༩༨༢ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་། མི་གྲངས་༢༠༧༠༡ ལ་སྔོན་འགོག་སྨན་ཁབ་རིམ་པ་གཉིས་པ་བརྒྱབ་ཟིན་ཡོད་པ་རེད།
གཞན་ཡང་ཉེ་ཆར་ཨ་རིའི་གཞུང་གིས་བལ་ཡུལ་ནང་གི་སྐྱབས་བཅོལ་བ་དང་མདུན་བསྐྱོད་ཞབས་ཞུ་བ། ལོ་ན་བགྲེས་པ་རྣམས་ལ་ཨ་རི་ནས་ཐོན་པའི་ཇོན་སན་དང་ཇོན་སན་ (Johnson & Johnson) ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་སྨན་ཁབ་དམིགས་གསལ་ཟུར་དུ་བརྒྱབ་འགོ་བཙུགས་པའི་བརྒྱུད་རིམ་ནང་། གཙོ་བོ་བལ་ཡུལ་སྐུ་ཚབ་དོན་གཅོད་དང་ས་གནས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་འདྲ་མིན་མཉམ་རུབ་ཀྱིས་བོད་མི་སྐྱབས་བཅོལ་བ་རྣམས་ལ་སྔོན་འགོག་སྨན་ཁབ་ཐོབ་ཐུབ་པའི་འབད་བརྩོན་ཞུས་པ་བཞིན། ད་བར་བལ་ཡུལ་ནང་གི་བོད་མིར་ཇོན་སན་དང་ཇོན་སན་སྔོན་འགོག་སྨན་ཁབ་་ཐོབ་པ་མི་གྲངས་ ༡༠༡༢དང་། བརྒྱ་ཆ་༡༢་༣༩ ཆགས་ཀྱི་འདུག (Johnson & Johnson) ཞེས་པའི་སྔོན་འགོག་སྨན་ཁབ་འདི་ཐེངས་གཅིག་མ་གཏོགས་རྒྱག་མིམ་དགོས་པ་དང་། བལ་ཡུལ་ནང་གི་བོད་མི་སྔོན་འགོག་སྨན་ཁབ་ (Covishield) རིམ་པ་དང་པོ་ཐོབ་ཟིན་པ་མི་གྲངས་༡༠༥༨ དང་། སྔོན་འགོག་སྨན་ཁབ་ཐོབ་པ་བརྒྱ་ཆ་༡༢་༩༥ ཆགས་ཀྱི་འདུག ད་ལྟའང་བལ་ཡུལ་ནང་སྔོན་འགོག་སྨན་ཁབ་རྒྱག་རྒྱུའི་ལས་གཞི་མུ་མཐུད་འགྲོ་བཞིན་ཡོད་པ་རེད།
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་༡༧༨ བྱུང་ཡོད་པ་ལས་སྐྱེས་པ་གྲངས་༩༠ དང་། བུད་མེད་གྲངས་༨༨ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་༩༧ དང་ཆུང་ཤོས་དེ་བྱིས་པ་ལོ་༣ ཡིན། བདུན་ཕྲག་འདིའི་ནང་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་མི་གྲངས་གསུམ་འདས་གྲོངས་སུ་གྱུར་བ་དང་། ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་༥༧༡༦ དང་། དྲག་སྐྱེད་བྱུང་བ་མི་གྲངས་༥༠༤༢ ། འདས་གྲོངས་སུ་གྱུར་བ་མི་གྲངས་༡༣༨། ད་ལྟ་ནད་མནར་གསོ་བཅོས་བྱེད་བཞིན་པ་མི་གྲངས་༥༣༦ ཡོད་པ་རེད། འདས་པའི་བདུན་ཕྲག་འགའ་ཤས་ནང་ནད་གཞི་ཁྱབ་བརྡལ་ཕྱིན་ཏེ་རིམ་བཞིན་བརྟག་དཔྱད་བྱེད་པ་ལ་བརྟེན་ནས་ནད་གཞི་ཕོག་པའི་གྲངས་ཐོ་འཕར་བཞིན་ཡོད་འདུག
རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁུལ་དུ་ད་ལྟ་ནད་མནར་བཞིན་པ་ཁྱོན་མི་གྲངས་༡༧༥ དང་། ཏི་ཛུ་དར་རྒྱས་གླིང་དུ་མི་གྲངས་༤༥ ཆགས་པ་དང་། ས་གནས་དེ་གཉིས་ནང་ཛ་དྲག་གི་གནས་སྟངས་གང་ཡང་མི་འདུག དེའི་ཁྲོད་སྔོན་ཁབ་གཉིས་ཀ་བཞེས་མཁན་གྱི་ནད་པ་རྣམས་ཀྱི་གནས་སྟངས་བཟང་བ་འདུག ཚང་མས་ནད་རྟགས་མངོན་པ་དང་བརྟག་དཔྱད་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་པས། ཕྱོགས་མཚུངས་དོགས་གཞི་ཅན་དང་ལྷན་དུ་འབྲེལ་བ་བྱུང་ཚེ་ལྷོད་གཡེང་མེད་པའི་ཐོག་ནས་ངེས་པར་བརྟག་དཔྱད་གནང་དགོས། ལྷག་པར་སྔོན་ཁབ་ངེས་པར་བརྒྱབ་རོགས་གནང་ཞེས་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་འབོད་སྐུལ་བྱས་འདུག
རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་གྱིས་ལམ་སྟོན་གནང་དོན། “ཏོག་དབྱིབས་གཉན་རིམས་འཛམ་གླིང་ཡོངས་ལ་ཁྱབ་ནས་ལོ་གཅིག་དང་ཕྱེད་ཀ་ལྷག་ཙམ་འགྲོ་བཞིན་ཡོད། དུས་ཡུན་དེའི་རིང་མི་ཆེ་ཆུང་ལ་མ་ལྟོས་པར་དཀའ་ངལ་འཕྲད་དང་འཕྲད་མུས་རེད། དཔེར་ན་མི་ཁག་གཅིག་གི་ནང་མི་དང་ཉེ་འབྲེལ་སོགས་ལ་ནད་ཡམས་འདི་ཕོག་ནས་འདས་གྲོང་དུ་གྱུར་བ་བྱུང་ཡོད། དེ་བཞིན་ཁག་གཅིག་ལ་ཏོག་དབྱིབས་གཉན་རིམས་ཕོག་སྟེ་དཀའ་ངལ་འཕྲད་པའང་བྱུང་ཡོད། ཕྱོགས་མཚུངས་ཁག་གཅིག་ལ་ལས་ཀ་ཤོར་བ་དང་ཚོང་རྒྱག་མ་ཐུབ་པར་བརྟེན་ཡོང་འབབ་མེད་པའི་དཀའ་ངལ་ཧ་ཅང་ཤུགས་ཆེ་འཕྲད་པ་བྱུང་ཡོད། ནད་ཡམས་འདི་ཉིད་ཁྱབ་བརྡལ་མི་འགྲོ་བའི་ཆེད་དུ་གཞུང་གིས་ལམ་སྟོན་གནང་བ་གཞིར་བཟུང་ཟུར་བཀག་བཞུགས་དགོས་རྒྱུ་དང་རྒྱང་ཐག་འཇོག་དགོས་རྒྱུ་སོགས་འགྱུར་བ་སྣ་ཚོགས་བྱུང་ཡོད། གཞན་ཡང་སྔར་དང་མི་འདྲ་བའི་དཀའ་ངལ་འཕྲད་པ་དང་གདོང་ལེན་བྱ་དགོས་བྱུང་བ། དེ་དག་ལ་བརྟེན་ནས་མི་མང་དག་ཅིག་གི་སེམས་ནང་སེམས་ངལ་བྱུང་ཡོད་པ་མ་ཟད། སེམས་ངལ་གྱི་ཐོག་ནས་ཀྱང་སེམས་ཁམས་འཕྲོད་བསྟེན་ལ་དཀའ་ངལ་མང་དག་ཅིག་འཕྲད་ཡོད། དཀའ་ངལ་དེ་དག་ལ་གདོང་ལེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། ནད་ཡམས་འདིའི་སྐོར་གོ་རྟོགས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ནའང་དེང་སྐབས་གསར་འགྱུར་བརྒྱུད་ལམ་ཁག་དང་སྤྱི་ཚོགས་དྲ་རྒྱའི་ནང་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གནས་ཚུལ་མང་དག་ཅིག་སྤེལ་བཞིན་ཡོད་པ་དེ་དག་བལྟས་པ་ཡིན་ན་སེམས་ནང་དངངས་སྐྲག་ཡོང་གི་ཡོད། ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། འདས་པའི་ཆུ་ཚོད་ཉི་ཤུ་རྩ་བཞི་ནང་ནད་གཞི་ཕོག་པ་མི་གྲངས་སྟོང་ཕྲག་བཞི་བཅུ་ཞེ་གསུམ་ལྷག་ཙམ་བྱུང་ཡོད་པ་རེད་”ཅེས་གསུངས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།