༧གོང་ས་མཆོག་གིས་བྱམས་བརྩེ་དང་ཤེས་ཡོན། འདྲ་མཉམ་ཐོག་བཀའ་སློབ་བསྩལ།

༧གོང་ས་མཆོག་གིས་“འཛམ་གླིང་གི་མི་རེ་ངོ་རེ་ལ་འཛམ་གླིང་ཞི་བདེ་བསྐྲུན་རྒྱུའི་འགན་འཁུར་ཡོད། དེ་འདྲའི་ཀུན་སློང་བཟང་པོ་ཞིག་རྒྱུན་སྐྱོང་བྱེད་པར་ནང་སེམས་ཀྱི་ཞི་བདེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་ཅེས་དང་།ང་ཚོའི་མི་རབས་གཞོན་སྐྱེས་རྣམས་ལ་བྱམས་བརྩེའི་སྐོར་སློབ་སྦྱོང་སྤྲོད་དགོས་ཞེས་”བཀའ་སློབ་བརྩལ་གནང་སོང་།

ཟླ་༡༠ པའི་ཚེས་༡༤ ནས་ཉིན་གྲངས་གཉིས་རིང་ཨ་རིའི་ཞི་བདེ་སློབ་གཉེར་བསྟི་གནས་ཁང་གིས་འཛམ་གླིང་སྟེང་རྩོད་རྙོག་གི་དཀའ་ངལ་ཅན་གྱི་ཡུལ་ལུང་འདྲ་མིན་གྱི་གཞོན་སྐྱེས་འགོ་ཁྲིད་ཁག་གཅིག་དང་ལྷན་དུ་བྱམས་བརྩེ་དང་ཤེས་ཡོན། འདྲ་མཉམ་བཅས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གོ་སྒྲིག་ཞུ་ཡི་ཡོད་པ་ལྟར། ཚེས་༡༤ ཉིན་༧གོང་ས་མཆོག་ནས་དྲ་ཐོག་ནས་བགྲོ་གླེང་དེར་བཀའ་སློབ་བསྩལ་གནང་སོང་།

དེ་ཡང་༧གོང་ས་མཆོག་གིས་གསུང་དོན། “བརྙན་འཕྲིན་བརྒྱུད་ནས་རྣམ་པ་ཚོ་དང་ལྷན་གོ་བསྡུར་ཞུ་རྒྱུའི་གོ་སྐབས་བྱུང་བར་ངོས་རང་ཧ་ཅང་དགའ་པོ་བྱུང་། གཟུགས་པོའི་ཆ་ནས་ངོས་རང་ཐག་རིང་པོར་འགྲོ་རྒྱུ་ཁག་པོ་འདུག འོན་ཀྱང་ངོས་ཀྱི་སེམས་པ་ལ་ཐག་རིང་ཐུང་གི་ཁྱད་པར་དང་དཀའ་ངལ་མི་འདུག་”ཅེས་དང་། “ང་ཚོར་དེང་རབས་འཕྲུལ་ཆས་(technology) རིགས་བེད་སྤྱོད་བྱེད་རྒྱུའི་ཐོབ་ཐང་ཡོད། ངོས་རང་ཆུང་ཆུང་ཡིན་པའི་སྐབས་ནས་འཕྲུལ་འཁོར་རིགས་ལ་དགའ་པོ་ཡོད། བརྙན་སྟོན་འཕྲུལ་ཆས་དང་ཆུ་ཚོད་རིགས་ལ་སྐྱོན་ཤོར་བ་ཡིན་ན་ངོས་ཀྱིས་བཟོ་བཅོས་བརྒྱབ་ཐུབ་ཀྱི་ཡོད། འཕྲུལ་ཆས་རིགས་བཟོ་བཅོས་རྒྱག་རྒྱུ་ནི་ངོས་ཀྱི་དགའ་ཕྱོགས་ཡིན་ལ། ངོས་རང་འཕྲུལ་འཁོར་རིགས་ལ་དགའ་པོའང་ཡོད། ང་ཚོར་དེང་རབས་འཕྲུལ་འཁོར་རིགས་བེད་སྤྱོད་བྱེད་རྒྱུའི་ཐོབ་ཐང་ཡོད་ལ། དེང་རབས་འཕྲུལ་འཁོར་བེད་སྤྱོད་ཀྱང་ཆེན་པོ་ཡོད། རྣམ་པ་ཚོར་བསམ་ཚུལ་དང་དྲི་བ་ཡོད་ན་ང་ཚོས་གོ་བསྡུར་བྱེད་ཆོག འཛམ་གླིང་འགྱུར་བ་འགྲོ་ཡི་ཡོད་པས་ཧ་ཅང་སེམས་ཤུགས་བསྐྱེད་འོས་པ་ཞིག་རེད། ང་ཚོས་ཕྱིར་མིག་ཅིག་བལྟས་པ་ཡིན་ན་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་ཚུད་པའི་འདས་པའི་དུས་རབས་ཁ་ཤས་རིང་ཧ་ཅང་འཚེ་བའི་ལས་བརྩམས་ཡོད། དེང་སང་འཛམ་གླིང་གི་དབུ་ཁྲིད་རྣམ་པས་ལྷག་བསམ་རྣམ་དག་གིས་འཛམ་གླིང་ཞི་བདེའི་སྐོར་བསམ་བློ་གཏོང་གི་ཡོད། འཛམ་གླིང་ཞི་བདེ་ཟེར་བ་དེ་ཡོང་བར་མཐར་ཐུག་ན་མི་སྒེར་སོ་སོའི་སེམས་ཞི་བདེ་ཡོང་དགོས། དེང་སང་མི་ཚང་མར་འཛམ་གླིང་ཞི་བདེ་དགོས་ཀྱི་ཡོད།”ཅེས་བཀའ་སློབ་གནང་།

༧གོང་ས་མཆོག་གིས་གོ་མཚོན་དང་འབྲེལ་ནས་བཀའ་སློབ་གནང་དོན། “དེང་སང་འཛམ་གླིང་ནང་གོ་མཚོན་ཧ་ཅང་ཡར་རྒྱས་ཕྱིན་ཡོད། གལ་ཏེ་གོ་མཚོན་དེ་དག་བེད་སྤྱོད་ལོག་པར་བཏང་བ་ཡིན་ན་དེའི་རྗེས་འབྲས་བསམ་ཡུལ་ལས་འདས་པ་འབྱུང་ངེས་རེད། དེར་བརྟེན་ང་ཚོར་དངོས་གནས་དྲང་གནས་འཛམ་གླིང་ཞི་བདེ་དགོས་ཀྱི་ཡོད། འཛམ་གླིང་ཞི་བདེ་ཟེར་བ་དེ་སྨོན་ལམ་བརྒྱབ་ནས་ཡོང་རྒྱུ་ཞིག་མིན། ངོས་རང་ནང་པ་རེད། ངོས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་འཛམ་གླིང་ཞི་བདེ་ཡོང་བར་ཤོག་ཅེས་སྨོན་ལམ་བརྒྱབ་ནས་ཞི་བདེ་ཡོང་ཐབས་མེད། གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཚེ་བའི་ལས་བརྩམས་ཡོད་ན། ང་ཚོས་སངས་རྒྱས་ལ་སྨོན་ལམ་རྒྱག་ཆོག་གི་རེད། ང་ཚོ་འགྲོ་བ་མི་རང་གིས་འཚེ་བའི་ལས་བྱེད་ཀྱི་ཡོད་སྟབས་ཞི་བདེ་ཟེར་བ་ང་ཚོ་རང་ལ་རག་ལས་ཀྱི་ཡོད།སྔར་དང་བསྡུར་ན་དེང་སང་འཛམ་གླིང་གང་ས་ནས་མི་རྣམས་ཀྱིས་ཞི་བདེའི་ལས་འགུལ་ཤུགས་ཆེ་སྤེལ་བཞིན་ཡོད། དང་པོ་མི་སྒེར་སོ་སོའི་ངོས་ནས་སེམས་ཞི་བདེ་བཟོ་དགོས། འཚེ་བ་མེད་པ་ཟེར་བ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། དེང་སང་འཛམ་གླིང་ནང་ཧ་ཅང་དགོས་མཁོ་ཡོད་པ་ཆགས་ཡོད། རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བཏང་བ་ཡིན་ན་བེད་སྤྱོད་གཏོང་མཁན་དང་གཏོང་ཡུལ་གཉིས་ཀར་གཏོར་བཤིག་ཚབས་ཆེན་ཐེབས་ངེས་ཡིན། འཛམ་གླིང་གི་མི་རེ་ངོ་རེ་ལ་འཛམ་གླིང་ཞི་བདེ་བསྐྲུན་རྒྱུའི་འགན་འཁུར་ཡོད། དེ་འདྲའི་ཀུན་སློང་བཟང་པོ་ཞིག་རྒྱུན་སྐྱོང་བྱེད་པར་ནང་སེམས་ཀྱི་ཞི་བདེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད།”ཅེས་བཀའ་སློབ་གནང་།

༧གོང་ས་མཆོག་གིས་བྱམས་བརྩེའི་སྐོར་བཀའ་སློབ་གནང་དོན། “ང་ཚོའི་མི་རབས་གཞོན་སྐྱེས་རྣམས་ལ་བྱམས་བརྩེའི་སྐོར་སློབ་སྦྱོང་སྤྲོད་དགོས། ངོས་ཀྱིས་ནམ་རྒྱུན་ང་ཚོ་འགྲོ་བ་མི་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་རེད་ཅེས་བརྗོད་ཀྱི་ཡོད། མི་སྒེར་སོ་སོ་སྤྱི་ཚོགས་ལ་བརྟེན་ནས་འཚོ་བཞིན་ཡོད། བྱམས་བརྩེའི་ཀུན་ནས་བླངས་ཏེ་གཞན་ལ་ཕན་ཐོགས་བསྒྲུབས་ན་སོ་སོ་ལའང་ཕན་གྱི་ཡོད། གཞན་ལ་བྱམས་སྐྱོང་བྱེད་ན་རང་ལ་ཕན་གྱི་ཡོད། གཞན་གྱི་བདེ་སྡུག་ལ་བསམ་བློ་མ་བཏང་བར་སོ་སོ་གཅིག་པུར་བསམ་བློ་བཏང་བ་ཡིན་ན་དེ་ནི་གླེན་པའི་རང་གཅེས་འཛིན་གྱི་བློ་རེད།ངོས་ཀྱིས་ནམ་རྒྱུན་ཆོས་ལུགས་མཐུན་སྒྲིལ་དང་། བྱམས་བརྩེ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་བརྗོད་ཀྱི་ཡོད། དེ་ལ་བརྟེན་ནས་ངོས་རང་ལ་ཁེ་ཕན་མང་ཤོས་ཐོབ་ཀྱི་འདུག སོ་སོ་བྱམས་བརྩེ་ལྡན་པ་ཞིག་ཡིན་ན་གྲོགས་པོ་མང་པོ་བཟོ་ཐུབ་ཀྱི་ཡོད་པ་མ་ཟད། རང་ཉིད་ལའང་ཁེ་ཕན་ཡོད། དངོས་ཡོད་གནས་ཚུལ་ལ་ངོས་རང་ལུང་པ་འདྲ་མིན་ལ་འགྲོ་བའི་སྐབས་མི་མང་པོས་ངོས་ལ་དགའ་མོས་གནང་གི་འདུག དེའི་རྒྱུ་མཚན་ནི་ངོས་ཀྱིས་རྒྱུན་དུ་འཛུམ་དམུལ་དམུལ་བྱེད་ཀྱི་ཡོད་སྟབས་རེད། སོ་སོ་རང་ཉིད་ལ་ཁེ་ཕན་ཆེ་ཤོས་ཐོབ་རྒྱུའི་ཐབས་ལམ་ཡག་ཤོས་ནི་གཞན་ལ་བྱམས་སྐྱོང་བྱེད་རྒྱུ་དེ་རེད། དེང་རབས་ཤོས་ཡོན་བསླབ་གཞིའི་ནང་བྱམས་བརྩེ་སྐོར་གྱི་བསླབ་གཞི་འཇོག་དགོས། འདྲ་མཉམ་མེད་པར་བརྟེན་དཀའ་ངལ་མང་དག་ཅིག་ཡོང་གི་ཡོད། ཚང་མས་ཁ་ནས་མང་གཙོ་དགོས་ཞེས་བརྗོད་བཞིན་པ་དང་མཉམ་དུ་སྲིད་དབང་སྒེར་འཛིན་པ་ཡང་ཡོང་གི་ཡོད། མང་གཙོ་ཡོང་བར་བྱམས་བརྩེ་གཙོ་བོ་ཆགས་ཡོད།”ཅེསབཀའ་སློབ་བསྩལ་གནང་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།