ཨོ་སི་ཀྲོ་ལི་ཡའི་རྩེད་འགྲན་སྐབས་རྒྱ་ནག་ལ་ཁ་གཏད་ཀྱི་སྟོད་ཐུང་གྱོན་ཆོག་པ་བཟོས་འདུག

ཉེ་ཆར་ཨོ་སི་ཀྲི་ལི་ཡའི་ཊེ་ནི་སེ་རྩེད་འགྲན་སྐབས་སུ་ལྟད་མོ་བ་ཚོས། རྒྱ་ནག་དམར་ཤོག་གཞུང་གི་འོག་ཏུ་གནས་སྟངས་གང་འདྲ་ཡིན་པ་ཤེས་ཀྱི་མེད་པའི་བུད་མེད་ཊེ་ནི་སེ་རྩེད་མོ་བར་རྒྱབ་སྐྱོར་གྱི་སྟོད་ཐུང་གྱོན་ཆོག་གི་མེད་པ་བཟོས་ཡོད་ཀྱང་། ཐག་གཅོད་དེར་སྐྱོན་བརྗོད་ཤུགས་ཆེན་བྱུང་བས། སྟོད་ཐུང་དེ་རིགས་གྱོན་ཆོག་ནའང་འཕྲེད་དར་རིགས་འཁྱེར་མི་ཆོག་པ་བཟོས་འདུག

ཟླ་༡ པོའི་ཚེས་༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཚེས་༢༡ ཉིན་ཨོ་སི་ཀྲོ་ལི་ཡའི་ཊེ་ནི་སེའི་རྩེད་འགྲན་(Australian Open)སྐབས་སུ། ལྟད་མོ་བ་ཁག་ཅིག་གིས་རྒྱ་ནག་གཞུང་ལ་ཁ་གཏད་ཀྱིས་རྩེད་མོ་བ་(Peng Shuai)གང་དུ་ཡོད་ཅེས་པའི་ཡི་གེ་འཁོད་པའི་སྟོད་ཐུང་གྱོན་པ་དང་འཕྲེད་དར་འཁྱེར་ནས་སླེབས་སྐབས། བདེ་སྲུང་མི་སྣས་སྟོད་ཐུང་དང་འཕྲེད་དར་དེ་རིགས་རྩེད་རའི་ནང་འཁྱེར་མི་ཆོག་སྐོར་བརྗོད་ཡོད་འདུག་པས། གནས་ཚུལ་དེ་དྲ་ཐོག་ཏུ་ཤུགས་ཆེན་ཁྱབ་པ་དང་རྩེད་མོ་བ་ཁོང་ལ་རྒྱབ་སྐྱོར་ཆེད་སྟོད་ཐུང་མང་པོ་ཞིག་གསར་བཟོ་བྱེད་རྒྱུའི་ཆེད་དྲ་ཐོག་ནས་ཞལ་འདེབས་བསྡུས་པ་སོགས་བྱུང་འདུག

སྐབས་དེར་ཐོག་མར་ཨོ་སི་ཀྲོ་ལི་ཡའི་ཊེ་ནི་སེའི་ཚོགས་ཆུང་གིས་ཐག་གཅོད་དེ་ནི་རྩེད་འགྲན་དེའི་ཁྲིམས་ཀྱི་ནང་དུ། སྲིད་དོན་དང་དཔལ་འབྱོར་གྱི་བསྒྲགས་གཏམ་དང་རྣམ་པ་རིགས་སྟོན་མི་ཆོག་པ་ཡོད་པའི་ཁྲིམས་དང་མཐུན་གྱི་ཡོད་སྐོར་བརྗོད་ཀྱང་། ཕྱིས་སུ་རྩེད་མོ་བ་རྙིང་གྲས་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ། སྲིད་དོན་མི་སྣ་སོགས་ནས་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག་པས། མཐའ་མ་དེར་རྩེད་འགྲན་གོ་སྒྲིག་པ་ཚོས་རྩེད་མོ་བ་ཁོང་ལ་རྒྱབ་སྐྱོར་གྱི་སྟོད་ཐུང་གྱོན་ཆོག་ཀྱང་འཕྲེད་དར་འཁྱེར་མི་ཆོག་པ། དེ་བཞིན་རྩེད་འགྲན་ལ་འགོག་རྐྱེན་མི་བཟོ་བ་དང་ཞི་བ་གནས་དགོས་སྐོར་བརྗོད་འདུག

ཟླ་༡༡ པའི་ནང་རྒྱ་ནག་གི་སྐད་གྲགས་ཆེ་བའི་རྩེད་འགྲན་བ་ཕན་ཧྲུའུ་ཡིས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་དང་། སྲིད་བློན་གཞོན་པ་བྱེད་མྱོང་བའི་ཀྲང་གྷོ་ལེ་(Zhang Gaoli) ལ་བཙན་གཡེམ་གྱི་ཉེས་འཛུགས་བྱས་རྗེས། རྒྱ་ནག་གཞུང་གིས་མོའི་དྲ་བྱང་ནག་བསུབ་བཏང་བ་དང་། མོའི་མིང་དང་། འདྲ་པར། གནས་ཚུལ་རྣམས་དྲ་ཐོག་ནས་མཐོང་ཡུལ་དུ་མེད་པ་བཟོ་བ་སོགས་བྱས་ནས་མོའི་ཁ་འགོག་ཐབས་བྱས་ན་ཡང་། གནས་ཚུལ་དེར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་དོ་སྣང་དང་སེམས་འཚབ་ཧ་ཅང་ཆེན་པོ་བྱས་པ་མ་ཟད། འཛམ་གླིང་སྟེང་གི་སྐད་གྲགས་ཆེ་ཤོས་ཀྱི་ཊེ་ནི་སིིའི་རྩེ་འགྲན་པ་རྣམས་དང་། རྒྱལ་སྤྱིའི་བུད་མེད་ཀྱི་ཊེ་ནེ་སིའི་ལྷན་ཚོགས་ནས་མོའི་བདེ་འཇགས་ལ་སེམས་འཚབ་ཀྱི་རྣམ་འགྱུར་ཤུགས་ཆེན་བསྟན་པས། རྒྱ་ནག་གཞུང་གིས་ཕན་ཧྲུའུ་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་ལྷན་ཚོགས་ཀྱི་འགན་འཛིན་གཉིས་དྲ་ཐོག་བརྒྱུད་དེ་ཐུག་འཕྲད་དང་གླེང་མོལ་བྱེད་བཞིན་པའི་འདྲ་པར་བཀྲམ་ནས་མོ་བདེ་ཐང་དང་རང་དབང་ཡིན་པའི་རྣམ་པ་སྟོན་ཐབས་བྱས་འདུག ཡིན་ན་ཡང་། རྒྱལ་སྤྱིའི་བུད་མེད་ཀྱི་ཊེ་ནེ་སིའི་ལྷན་ཚོགས་ཀྱི་ཚོགས་གཙོའི་བསྒྲགས་གཏམ་ནང་། ཁོང་གིས་“ད་ལྟ་ང་ཚོས་ཕན་ཧྲུའུ་གང་དུ་ཡོད་པ་ཤེས་ན་ཡང་། ཁོང་བདེ་ཐང་ཡིན་མིན་དང་། རང་དབང་ཡོད་མེད། བཙན་ཤེད་དང་འཇིགས་སྐུལ་འཕྲད་ཀྱི་ཡོད་མེད་བཅས་ལ་དོགས་པ་ཆེན་པོ་ཡོད་”ཅེས་བྲིས་པའི་ཐོག རྒྱ་ནག་གི་འགོ་ཁྲིད་ཚོས་གནད་དོན་ཚབས་ཆེན་དེ་ཡང་དག་པའི་ལམ་ནས་སེལ་ཐབས་མ་བྱས་པར་སེམས་ཕམ་ཡོད་ཚུལ་བརྗོད་འདུག གཞན་ཡང་། ཁོང་གིས་“བསམ་བློ་ཡག་པོ་ཞིག་བཏང་ན། རྒྱ་ནག་གིས་ཕན་ཧྲུའུ་ལ་རང་དབང་ངང་གླེང་མོལ་བྱེད་དུ་མི་འཇུག་པ་དང་། སོ་སོའི་བཙན་གཡེམ་གྱི་ཉེས་འཛུགས་ཕྱིར་འཐེན་བྱེད་དུ་འཇུག་པའི་དུས་སུ། ང་ཚོས་རྩེད་འགྲན་པ་རྣམས་དེར་(རྒྱ་ནག་)རྩེད་འགྲན་བྱེད་དགོས་ཞེས་བཤད་ཐབས་བྲལ་ཡོད་”ཅེས་བཤད་པའི་ཐོག ད་ལྟའི་གནས་སྟངས་ལ་བལྟས་ན། ༢༠༢༢ ལོར་རྒྱ་ནག་ཏུ་རྩེད་མོའི་འགྲན་བསྡུར་འཚོགས་པ་ཡིན་ན། རྩེད་འགྲན་པ་དང་ལས་བྱེད་གཞན་རྣམས་ལའང་ཉེན་ཁ་འཕྲད་སྲིད་པའི་སེམས་འཚབ་ཡོད་སྐོར་བརྗོད་འདུག

རྩེད་མོ་བ་ཁོང་ལ་རྒྱབ་སྐྱོར་དང་རྒྱ་ནག་ལ་ཁ་གཏད་ཀྱི་བརྡ་ལན་གསལ་པོ་སྟོན་ཆེད་དུ། རྒྱལ་སྤྱིའི་བུད་མེད་ཀྱི་ཊེ་ནེ་སིའི་ལྷན་ཚོགས་(The Women’sTennis association) ནས་རྒྱ་ནག་གི་རྩེད་འགྲན་པ་ཕན་ཧྲུའུ་(Peng Shuai) ཡི་གནས་སྟངས་གང་ཡིན་པ་གསལ་པོ་མེད་པར་བརྟེན་ ༢༠༢༢ ལོར་རྒྱ་ནག་དང་ཧོང་ཀོང་དུ་འཚོགས་གཏན་འཁེལ་བའི་འགྲན་བསྡུར་ཚང་མ་མཚམས་འཇོག་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།