གཞས་པ་ཚེ་དབང་ནོར་བུས་རང་སྲེག་ངོ་རྒོལ་བྱས་ནས་གྲོངས་པའི་གནས་ཚུལ་འདུག
ཕྱི་ལོ་༢༠༢༢ ཟླ་༢ ཚེས་༢༥ ཉིན་ལྷ་སའི་པོ་ཏ་ལའི་མདུན་ཐང་དུ་བོད་ཀྱི་གཞས་པ་ཚེ་དབང་ནོར་བུས་རང་ལུས་མེ་སྲེག་བྱས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་རྗེས། འདས་གྲོངས་སུ་སོང་བའི་གནས་ཚུལ་འདུག
ཟླ་འདིའི་ཚེས་༥ ཉིན་གཞས་པ་ཚེ་དབང་ནོར་བུས་རང་སྲེག་ངོ་རྒོལ་བྱས་རྗེས་འདས་གྲོང་སོང་བའི་གནས་ཚུལ་ཕྱི་ལ་ཁྱབ་ཡོད་ནའང་། རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་ཤུགས་ཆེན་ཡོད་པ་ལ་བརྟེན་ནས་ཐད་ཀར་འབྲེལ་ཡོད་ལ་ཁ་པར་བརྒྱུད་གནས་ཚུལ་འདྲི་རྟོགས་བྱེད་རྒྱུར་དཀའ་ངལ་འཕྲད་པ་དང་། གནས་ཚུལ་དེར་རྒྱུས་ལོན་བྱེད་མཁན་སྤྱི་ཟུར་ངག་དབང་ཐར་པས་བོད་ཕྱི་ནང་གཉིས་ཀར་ཡོད་པའི་ཁོང་གི་འབྲེལ་ཡོད་མང་པོར་གནས་འདྲི་བྱེད་ཐབས་བྱས་པས། རང་སྲེག་ངོ་རྒོལ་བྱས་རྗེས་འདས་གྲོངས་སོང་ཡོད་པ་དངོས་ཡོད་ཡིན་པ་གསལ་པོ་ཆགས་ཀྱི་ཡོད་སྐོར་གསུངས་སོང་། གཞས་པ་ཁོང་གི་གཉེན་ཉེ་ཞིག་ལ་ཁོང་གྲོངས་རེད་དམ་ཞེས་སྐད་ཆ་དྲིས་སྐབས། གྲོངས་ན་ཡག་ཤོས་རེད་ཅེས་པ་ལས་ལན་འདེབས་གསལ་པོ་བྱེད་ཐུབ་མི་འདུག་ལ། ནམ་རྒྱུན་བོད་ནང་དུ་ཆབ་སྲིད་ངོ་རྒོལ་དང་འབྲེལ་བའི་གླེང་མོལ་བྱེད་རྒྱུར་་ཧ་ཅང་ཁག་པོ་ཡོད་པ་རེད།
སྤྱི་ཟུར་ངག་དབང་ཐར་པས་ཁོང་གི་སྐོར་ངོ་སྤྲོད་གནང་དོན། “ཚེ་དབང་ནོར་བུ་བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་ཞིང་། ཕྱི་ལོ་༢༠༡༤ ལོར་རྒྱ་ནག་གི་གྲོང་ཁྱེར་ཀོང་ཏུང་སྲུང་སྐར་བརྙན་འཕྲིན་Guangdong Satellite TV ལས་རིམ་ནང་རྒྱ་ནག་ནང་གི་བུ་ཡག་པོ་”Good Boys in China ཟེར་བའི་གཞས་ཀྱི་འགྲན་སྡུར་དུ་ཞུགས་འདུག་ལ། ཁོང་ནུབ་བརྒྱུད་སྡེ་ཚན་ནང་གི་རྩེ་ཕུད་སྒྱུ་རྩལ་བ་༡༢ ཁོངས་སུ་དང་། རྒྱ་ནག་རྒྱལ་ཡོངས་སུ་རྩེ་ཕུད་༤༨ ཁོངས་སུ་འདེམས་སྒྲུག་བྱུང་ཡོད་འདུག ཁོང་གིས་འགྲན་སྡུར་སྐབས་བོད་སྐད་དང་དབྱིན་སྐད་ཐོག་གླུ་གཞས་གཏོང་སྐབས། རྒྱ་གཞུང་གིས་དཔྱད་འདེམས་པས་མི་འདོད་པའི་རྣམ་འགྱུར་བསྟན་པ་སོགས་ཀྱི་དཀའ་ངལ་མང་པོ་སྤྲད་པ་དང་། འགྲན་སྡུར་སྐབས་རང་མིང་བོད་ཡིག་ཐོག་བྲིས་པར་བརྟེན་རྒྱ་གཞུང་གིས་མི་འགྲིག་སྐོར་བཤད་པས། དེ་ལ་གདོང་ལེན་མཐའ་གཅིག་ཏུ་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད། ཕྱི་ལོ་༢༠༡༧ ལོར་རོལ་དབྱངས་ཀྱི་རྒྱལ་ཡོངས་རྣམ་དཔྱོད་འགྲན་སྡུར་སང་ཉིན་གྱི་བུ་(The Son of Tomorrow) ཞེས་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་འགྲན་སྡུར་ནང་ལ་མཉམ་ཞུགས་བྱེད་སྐབས་རྩེ་ཕུད་༩ པའི་ཁོངས་སུ་ཚུད་འདུག ཚེ་དབང་ནོར་བུས་དེང་དུས་ཀྱི་གླུ་གཞས་རིགས་མང་པོ་བཏང་བའི་ནང་། <<རྩམ་པ་>>དང་། <<གཟབ་མཆོར>> <<བྱང་ཐང་ལ་བལྟ་བའི་མིག>> <<རང་མ་གཏོགས>> <<ཁྱིམ་དུ་ལོག>>ཅེས་པ་སོགས་མང་པོ་བཏང་ཡོད་པས་བོད་ཙམ་མ་ཟད། རྒྱ་ནག་སྐམ་སའི་ནང་དུའང་སྐད་གྲགས་ཆེན་པོ་ཡོད་འདུག ཁོང་གི་པོད་ཕྲན་དྲ་ལམ་ཐོག་རྗེས་མཇུག་པ་མི་ལྔ་འབུམ་དགུ་ཁྲི་ལྷག་ཡོད་འདུག འདས་པའི་ཉིན་གྲངས་ཁ་ཤས་ནང་ཚེ་དབང་ནོར་བུའི་སྤྱི་ཚོགས་དྲ་རྒྱ་པོད་ཕྲིན་(Weibo )དང་། འཁྱུག་དབྱིངས་(Daoying) ནང་དུ་མཆན་བཀོད་མཁན་མང་པོ་བྱུང་སྟེ། ཁོང་གི་བྱང་བུའི་འོག་ཁྱེད་ཕེབས་ལམ་བདེ་བ་དང་། མྱུར་དུ་བདེ་བ་ཅན་དུ་འཁོད་པར་སྨོན་ཞེས་སོགས་ཀྱི་སྨོན་ཚིག་བཀོད་རྗེས། རྒྱ་ནག་རྒྱལ་ཡོངས་ཀྱི་དྲ་ལམ་ཁག་ནས་ཁོང་གིས་བཏང་བའི་གླུ་གཞས་མང་པོ་ཞིག་གོ་མི་ཐུབ་པ་བཟོས་ནས་བཀག་འགོག་བྱས་པ་མ་ཟད། ཁོང་གི་དྲ་ཚིགས་ཚང་མ་བཀག་བསྡོམས་བྱས་ཏེ་གཞན་གྱིས་ལྟ་ཀློག་མི་ཐུབ་པ་བཟོས་ཡོད་འདུག་”ཅེས་འགྲེལ་བརྗོད་གནང་སོང་།
གཞས་པ་ཚེ་དབང་ནོར་བུ་ནི། ཕྱི་ལོ་༡༩༩༦ ལོར་བོད་ཀྱི་ནག་ཆུ་གྲོང་ཁྱེར་དུ་སྐྱེས་པ་དང་། ད་ལྟ་ལོ་༢༦ ཡིན་པ་རེད། ཁོང་གི་ཕ་མིང་ལ་ཆོས་རྒན་ཟེར་ཞིང་། ཕ་དཔལ་མགོན་རྫོང་ནས་ཡིན་པ་དང་། ནག་ཆུ་གྲོང་ཁྱེར་ཟློས་གར་ཚོགས་པའི་དགེ་རྒན་ཡིན་འདུག ཁོང་རྒྱལ་ཡོངས་ཀྱི་རིམ་པ་དང་པོའི་གཞས་གདངས་རྩོམ་པ་པོ་དང་རོལ་དབྱངས་མཁས་པ་ཞིག་ཡིན་ལ། ཁོང་གི་ཨ་མ་ནི་བོད་ཀྱི་གཞས་མ་གྲགས་ཅན་སོག་ཤོད་བསོད་ནམས་དབང་མོ་ཡིན་པ་དང་། ཆབ་སྲིད་བཙོན་པ་གྲགས་ཅན་སོག་མཁར་བློ་གྲོས་རྒྱ་མཚོའི་ཚ་བོ་ཡིན་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།