རྩོམ་པ་པོ་བཀྲས་གླིང་དབང་རྡོར་སྐུ་གྲོངས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༧ ཉིན་བོད་ཀྱི་རྩོམ་པ་པོ་དང་ལོ་ཙྭ་བ་བྲག་གདོང་བཀྲས་གླིང་དབང་རྡོར་དགུང་ལོ་༨༨ སྟེང་ལྷ་སར་སྐུ་གཤེགས་ཡོད་པ་དང་། རྩོམ་པ་པོ་ཁོང་གིས་བྲིས་པའི་བརྩམས་སྒྲུང་དང་བསྒྱུར་རྩོམ་དེ་དག་གིས་བོད་མི་མང་པོར་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

རྩོམ་པ་པོ་བཀྲས་གླིང་དབང་རྡོར་གྱིས་སྒྲུང་རིང་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་བརྩམས་པ་དང་། བརྩམས་སྒྲུང་དེ་དབྱིན་ཡིག་དང་རྒྱ་ཡིག། ཉི་ཧོང་སྐད་ཡིག་སོགས་སྐད་ཡིག་མང་པོའི་ནང་བསྒྱུར་ཡོད་པ་རེད། ཁོང་གིས་སྙན་གྲགས་ཡོད་པའི་རྩོམ་པ་པོ་ཤེག་སེ་ཕི་ཡར་(Shakespeare) གྱི་བརྩམས་སྒྲུང་ཧམ་ལེ་ཐི་(hamlet) དང་། རོ་མེའོ་དང་འཇུ་ལི་ཀྲི་(Romeo and Juliet) སོགས་བོད་ཡིག་ནང་བསྒྱུར་ཡོད་པ་རེད། དེ་བཞིན་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དབྱིན་ཡིག་ཏུ་བསྒྱུར་བ་སོགས་སྒྱུར་རྩོམ་ཧ་ཅང་མང་པོ་ཡོད་པ་རེད།

རྩོམ་པ་པོ་བཀྲས་གླིང་དབང་རྡོར་ནི་༡༩༣༤ ལོར་བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་སྐུ་དྲག་ཅིག་གི་ཁྱིམ་བརྒྱུད་ནས་སྐུ་འཁྲུངས་ཤིང་། བོད་ལ་རྒྱ་ནག་གིས་བཙན་འཛུལ་མ་བྱས་གོང་། ཕྱི་ལོ་༡༩༤༦ལོར་བོད་གཞུང་བཀའ་ཤག་གི་བཀོད་ཁྱབ་བཞིན་རྒྱ་གར་(Joseph) སློབ་གྲྭར་བཏང་བའི་སློབ་མ་བཅུའི་ཁྲོད་ཀྱི་གཅིག་ཡིན་པ་དང་། རྗེས་སུ་ཕྱིར་བོད་དུ་ལོག་རྗེས་ལྷ་ས་སློབ་ཆུང་དང་པོ་དང་གཞིས་རྩེ་ལས་བྱེད་སློབ་གྲྭར་དགེ་རྒན་གྱི་ལས་གཉེར་དང་། བོད་རང་སྐྱོང་ལྗོངས་སློབ་གསོ་ལྷན་ཚོགས་དང་ཡུལ་སྐོར་ལས་ཁུངས་སོགས་སུ་ལས་གཉེར་བྱས་ཡོད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།