ཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་བཀོད་པ་འཐེན་མཁན་ཞིག་དགོས་ཀྱི་མེད་སྐོར་བརྗོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་དང་གླེང་མོལ་བྱེད་བཞིན་པའི་སྐབས་སུ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱལ་ཁབ་སུ་གང་ལ་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡང་དག་པ་ཞིག་མེད་པས། རང་ཉིད་ཡག་མདོག་བྱས་ཏེ་རྒྱལ་ཁབ་གཞན་ལ་བཀོད་པ་འཐེན་མཁན་ཞིག་དགོས་ཀྱི་མེད་སྐོར་བརྗོད་འདུག
ཟླ་༥ པའི་ཚེས་༢༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ད་ལྟའི་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་མཱི་ཆེལ་བྷ་ཆེ་ལིཀྲ་ཡིས། རྒྱ་ནག་ནང་དུ་ཉིན་གྲངས་༦ རིང་མཚམས་གཟིགས་གནང་གི་ཡོད་པ་དང་། མཚམས་གཟིགས་དེ་ནི་ཕྱི་ལོ་༢༠༠༥ ཡི་རྗེས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་ཞིག་རྒྱ་ནག་ཏུ་སླེབས་པ་ཐེངས་དང་པོ་ཆགས་ཀྱི་འདུག་ཀྱང་། རྒྱལ་སྤྱིའི་ནང་མཚམས་གཟིགས་དེ་ནི་རྒྱ་ནག་གི་དྲིལ་བསྒྲགས་ལས་དོན་ལ་རམ་འདེགས་བྱེད་པའི་ལས་དོན་ཆགས་སྲིད་པའི་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་ཁར། འགན་འཛིན་ཁོང་བོད་ལ་ཕེབས་འཆར་ཡང་མེད་ཁར། ཡུ་གུར་གྱི་ས་ཁུལ་ཁག་ཏུ་ཡང་དོ་དམ་སྟངས་འཛིན་ཆེན་པོའི་འོག་ཏུ་ཕེབས་རྒྱུའི་ལས་རིམ་བསྒྲིགས་འདུག་པས། དངོས་ཡོད་ཀྱི་གནས་སྟངས་མཐོང་ཐུབ་པའི་ལམ་ཁ་ཞིག་མེད་འདུག
ཚེས་༢༥ ཉིན་ལྕམ་ཁོང་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་བར་དྲ་ཐོག་ནས་གླེང་མོལ་བྱས་འདུག་པ་དང་། སྐབས་དེར་ཞི་ཅིན་ཕིང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ནི་རྒྱལ་ཁབ་དེའི་གནས་སྟངས་དང་རན་འཚམ་ཡོད་པ་དང་། རྒྱལ་སྤྱིའི་ནང་རྒྱལ་ཁབ་སུ་གང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡང་དག་པ་ཞིག་མེད་པས། རང་ཉིད་ཡག་མདོག་བྱས་ཏེ་རྒྱལ་ཁབ་གཞན་ལ་གནད་དོན་དེའི་ཐོག་བཀོད་པ་འཐེན་མཁན་ཞིག་དགོས་ཀྱི་མེད་ཁར། གནད་དོན་དེ་སྲིད་དོན་གྱི་ལག་ཆར་བེད་སྤྱོད་བྱེད་མི་རུང་བ། ཁ་ཞེ་མི་མཚུངས་པའི་ལས་དོན་མི་སྤེལ་བ་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བེད་སྤྱད་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་མི་རུང་སྐོར་བརྗོད་འདུག
ལྕམ་མཱི་ཆེལ་བྷ་ཆེ་ལིཀྲ་ཡིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ། ཐེངས་འདིའི་མཚམས་གཟིགས་ལ་སླེབས་དགོས་པའི་རྒྱུ་མཚན་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་བྱེད་རྒྱུ་གལ་ཆེན་ཡིན་པ་དང་། རྒྱ་ནག་ནང་དང་རྒྱལ་སྤྱིའི་ནང་དུ་ཡར་རྒྱས་གོང་འཕེལ་དང་ཞི་བདེ། བདེ་འཇགས་སོགས་རྒྱུན་གནས་ཡོང་བར་འགྲོ་བ་མིའི་ཐོབ་ཐང་དེ་གཙོ་བོ་ཆགས་ཀྱི་ཡོད་པས། རྒྱལ་སྤྱིའི་ནང་དུ་རྒྱ་ནག་ལ་འགན་ཆེན་པོ་ཡོད་སྐོར་བརྗོད་འདུག འོན་ཀྱང་ཕྱོགས་གཉིས་བར་གྱི་གླེང་མོལ་དེ་དང་འབྲེལ་ནས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་སྤེལ་བའི་བསྒྲགས་གཏམ་དང་། ལྕམ་ཁོང་གི་བསྒྲགས་གཏམ་གཉིས་ཀའི་ནང་དུ་ཡུ་གུར་མིང་འདོན་བྱས་མེད་པ་རེད།
ལྕམ་ཁོང་ཡུ་གུར་ཁུལ་གྱི་གྲོང་ཁྱེར་ཆེ་ཁག་གཉིས་སུ་མཚམས་གཟིགས་ཕེབས་འཆར་ཡོད་འདུག་ཀྱང་། ཁོང་དང་སྐུ་ཚབ་རུ་ཁག་རྣམས་ཀྱི་འགྲོ་སྐྱོད་དེ་དོ་དམ་སྟངས་འཛིན་ཆེན་པོ་བྱེད་རྒྱུ་ཡིན་འདུག་པས། དངོས་ཡོད་གནས་སྟངས་མཐོང་བའམ་ཤེས་རྒྱུ་ཁག་པོ་ཡིན་ཁར། རྒྱ་ནག་གཞུང་གིས་གྲ་སྒྲིག་མ་བྱས་པའི་ས་གནས་མི་མང་ལ་ཐུག་ཐུབ་རྒྱུ་ཁག་པོ་ཡིན་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། རྒྱ་ནག་གཞུང་གིས་ལྕམ་ཁོང་གི་མཚམས་གཟིགས་དེའི་སྐབས་སུ། རྟོག་ཞིབ་ཡང་དག་པ་ཞིག་བྱེད་དུ་འཇུག་པའི་རེ་བ་གང་ཡང་མེད། གནས་སྟངས་དེ་འདྲའི་འོག་ཏུ་མཚམས་གཟིགས་དེ་འདྲ་ཁས་ལེན་བྱས་པ་ནོར་འཁྲུལ་ཡིན་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།