སྙན་ངག་གི་གདུང་འབོད།

རང་ལུས་ཤ་རུས་གསེང་གི་རྣམ་ཤེས་འཆལ་པོ།།

ཉོན་མོངས་རླུང་དམར་དྲག་པོས་ཤུགས་འདེད་བྱེད་ཀྱིན།།

མེད་མུག་འཇིག་རྟེན་འདི་ནས་མི་ཚེ་ཟད་དུས།།

ཕོངས་སེམས་མེ་ལྕེ་དམར་པོས་ཡོངས་སུ་འཚིག་བྱུང་།།

 

རེ་དོགས་འཕག་ཚག་གནག་པོས་ཁོག་ནས་རྡུང་ཞིང་།།

ཧམ་སེམས་ཡིད་ཀྱི་རྒྱུ་བས་མདུན་ནས་ཁྲིད་དུས།།

གྲུབ་འབྲས་མེ་ཏོག་སེར་པོས་གཅེར་རེར་ལྟོས་ཤོག།

དཀའ་སྡུག་ཟུངས་ཁྲག་དམར་པོས་གཅེས་སྐྱོང་བྱས་ཡོད།།

 

ཁྲེལ་སྣང་བྲོ་བ་སྐྱུར་མོས་ཁ་ལྕེ་མནར་ཞིང་།།

ངོ་ཚ་ཟུག་གཟེར་སྡུག་པོས་ཁོག་པ་ན་དུས།།

འཇིག་རྟེན་མི་ལ་དག་པའི་ལས་དབང་ཡིན་ན།།

བྱིན་རླབས་སྟོབས་ཤུགས་བདག་པོས་ཐུགས་རྗེས་གཟིགས་རོགས།།