ཨ་རིའི་རྟོག་ཞིབ་ལས་ཁུངས་ཀྱིས་སྲིད་འཛིན་ཟུར་པ་ཊོམ་གྱི་སྡོད་གནས་སུ་བསྔོགས་བཤེར་བྱས་འདུག
ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊོམ་གྱི་སྡོད་གནས་ཤིག་ཏུ། རྒྱལ་ཁབ་དེའི་གསང་བ་ལས་ཁུངས་དབུས་རྟོག་ཞིབ་ལས་ཁང་གིས་སྔོན་བརྡ་མེད་པའི་བསྔོགས་བཤེར་བྱས་འདུག་པ་དང་། ཨ་རིའི་ལོ་རྒྱུས་ནང་སྲིད་འཛིན་ཟུར་པ་ཞིག་གི་སྡོད་གནས་སུ་སྔོན་བརྡ་མེད་པའི་བསྔོགས་བཤེར་བྱས་པ་ཐེངས་དང་པོ་ཡིན་ཁར། དེ་འདྲ་ཞིག་བྱེད་པར་སྔོན་ཚུད་ནས་ཁྲིམས་དཔོན་གྱི་དྲུང་ནས་ཆོག་མཆན་ལེན་དགོས་ཀྱི་ཡོད་པ་རེད་འདུག
ཟླ་༨ པའི་ཚེས་༡༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༨ ཉིན་ཨ་རིའི་མངའ་སྡེ་ཧྥེ་ལོ་རི་ཌར་ཡོད་པའི་སྲིད་འཛིན་ཟུར་པ་ཊོམ་གྱི་སྡོད་གནས་སུ། ཨ་རིའི་དབུས་རྟོག་ཞིབ་ལས་ཁང་གིས་སྔོན་བརྡ་མེད་པའི་ཐོག་ནས་བསྔོགས་བཤེར་བྱས་ཡོད་འདུག་པ་དང་། སྲིད་འཛིན་ཊོམ་གྱིས་ཚེས་༨ ཉིན་གྱི་དགོང་མོར་གནས་ཚུལ་དེའི་སྐོར་ཕྱིར་བསྒྲགས་བྱས་འདུག གནད་དོན་དེའི་སྐོར་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་ལ་སྔོན་ཚུད་ནས་ཤེས་རྟོགས་གང་ཡང་མེད་སྐོར་བརྗོད་བཞིན་འདུག
མིང་འདོན་བྱེད་འདོད་མེད་པའི་ཨ་རིའི་ལས་བྱེད་ཅིག་གིས་བརྗོད་དོན་ལྟར་ན། ཨ་རིའི་དབུས་རྟོག་ཞིབ་ལས་ཁང་གིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊོམ་གྱིས་ལས་ཡུན་རྫོགས་པའི་སྐབས་སུ། ཁྲིམས་འགལ་གྱི་ཐོག་ནས་རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་ཡོད་པའི་ཡིག་ཆ་ཁག་ཅིག་འཁྱེར་ནས་སོང་ཡོད་པ་དང་། ཡིག་ཆ་དེ་དག་སྲིད་འཛིན་ཟུར་པ་ཁོང་གི་སྡོད་གནས་དེར་ཡོད་པའི་གནས་ཚུལ་དང་འབྲེལ་ནས། ཨ་རིའི་ཁྲིམས་ཞིབ་ལས་ཁང་གི་རིམ་པ་མཐོ་ཤོས་ནས་ས་གནས་དེར་སྔོན་བརྡ་མེད་པའི་བསྔོགས་བཤེར་བྱེད་པའི་ཆོག་མཆན་སྤྲད་ཡོད་སྐོར་བརྗོད་འདུག
བསྔོགས་བཤེར་དེ་དང་འབྲེལ་ནས་སྲིད་འཛིན་ཟུར་པ་ཊོམ་གྱིས་བརྗོད་དོན་ལ། ཁོང་དང་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་ལ་ཆེད་དུ་མངགས་དམིགས་འབེན་བྱེད་ཀྱི་ཡོད་པ་དང་། དེའི་རྒྱུ་མཚན་ནི་ཁོང་ལ་སྲིད་དོན་ཤུགས་རྐྱེན་དང་རྒྱབ་སྐྱོར་ཤུགས་ཆེན་ཡོད་པས། ཁོང་དང་སྤྱི་མཐུན་ཚོགས་པར་བཀག་འགོག་བྱེད་ཐབས་བྱེད་བཞིན་ཡོད་པ། ཁྲིམས་འགལ་དང་སྲིད་དོན་གྱི་དམིགས་ཡུལ་ལྡན་པའི་སྡུག་སྦྱོང་དེ་ཐེར་འདོན་བྱས་ཏེ་བཀག་འགོག་བྱེད་དགོས་སྐོར་བརྗོད་འདུག
ཟླ་༡༡ པའི་ནང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་བར་མའི་འོས་བསྡུ་ཡིན་པས། ད་ལྟའི་གནད་དོན་དེ་ལ་བརྟེན་ནས་འོས་བསྡུར་ཤུགས་རྐྱེན་ཐེབས་ཉེན་ཆེན་པོ་ཡོད་པས། ཨ་རིའི་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཚོས། སྔོན་བརྡ་མེད་པའི་བསྔོགས་བཤེར་དེ་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་གསལ་པོ་ཞིག་ཁྲིམས་ཞིབ་ལས་ཁང་གིས་འགྲེལ་བརྗོད་བྱེད་དགོས་སྐོར་དང་། གལ་ཏེ་བར་མའི་འོས་བསྡུའི་གྲུབ་དོན་དུ་གྲོས་ཚོགས་གོང་འོག་གཉིས་ནང་དུ་སྤྱི་མཐུན་ཚོགས་པར་མང་མོས་ཀྱི་རྒྱལ་ཁ་ཐོབ་ཚེ། གནད་དོན་དེའི་ཐད་ཞིབ་འཇུག་གསལ་པོ་བྱེད་དུ་འཇུག་རྒྱུ་ཡིན་སྐོར་བརྗོད་འདུག
དེ་བཞིན་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་བསྔོགས་བཤེར་དེར་དགའ་བསུ་ཞུས་འདུག་ཀྱང་། ཁག་ཅིག་གིས་གནད་དོན་དེ་ལ་བརྟེན་ནས་སྲིད་འཛིན་ཟུར་པ་ཊོམ་དང་སྤྱི་མཐུན་ཚོགས་པར་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་སྲིད་པ་དང་། ཊོམ་གྱིས་གནད་དོན་དེ་བེད་སྤྱད་ནས་རང་ཉིད་དཔའ་བོ་ཡིན་པ་བསྐྱར་དུ་བཟོ་ཐབས་འབད་རྒྱུ་ཡིན་པས། ཁྲིམས་ཞིབ་ལས་ཁང་ནས་གནད་དོན་དེའི་རྒྱབ་ལྗོངས་གནས་ཚུལ་གསལ་པོ་གང་མགྱོགས་བཟོ་དགོས་སྐོར་བརྗོད་འདུག
ཨ་རིའི་ཕོ་བྲང་དཀར་པོའི་མགྲིིན་ཚབ་པས་བརྗོད་དོན་ལ། སྲིད་འཛིན་རྗོ་བྷའེ་ཌན་གྱིས་ཁྲིམས་ཞིབ་ལས་ཁང་གི་རང་དབང་དང་དབང་ཚད་ལ་གུས་བརྩི་ཆེན་པོ་བྱེད་ཀྱི་ཡོད་པས། དེའི་ལས་དོན་ལ་ཐེ་བྱུས་བྱེད་ཀྱི་མེད་པ། ཐེངས་འདིའི་གནད་དོན་ཐད་ཁྲིམས་ཞིབ་ལས་ཁང་དང་དབུས་རྟོག་ཞིབ་ལས་ཁང་གཉིས་ནས་ཁོང་ལ་བརྡ་ལན་གང་ཡང་སྤྲད་མེད་ཁར། སྔོན་ཚུད་ནས་དེའི་སྐོར་གང་ཡང་ཤེས་རྟོགས་མེད་པ། གནད་དོན་དེའི་སྐོར་བརྒྱུད་ལམ་ཁག་ནས་ཤེས་རྟོགས་བྱུང་ཡོད་སྐོར་བརྗོད་འདུག
གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སཱི་པཱི་ལོ་སེ་ཡིས་གནད་དོན་སྐོར་ཐོག་མར་བརྒྱུད་ལམ་ཁག་ནས་ཤེས་རྟོགས་བྱུང་སྐོར་དང་། བསྔོགས་བཤེར་བྱེད་པའི་ཆོག་མཆན་ཐོབ་ཆེད་དུ་བདེན་པ་ཁུངས་སྐྱེལ་བྱེད་དགོས་ཀྱི་ཡོད་པས། དེས་སྲིད་འཛིན་ཟུར་པའམ་ལས་ཐོག་སྲིད་འཛིན་སོགས་སུ་གང་ཁྲིམས་ཀྱི་གོང་ན་མེད་པ་གསལ་སྟོན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།