གུང་ཁྲན་གཞུང་ལ་བདེ་སྡུག་ཞུ་ས་མེད་སྟབས་ལས་འགུལ་དེ་འདྲ་མི་སྤེལ་ཐབས་མེད་རེད།

ནམ་རྒྱུན་དགུན་ཁ་ཟིན་པ་དང་སྔོ་ཚལ་དང་ཤིང་ཏོག་རིགས་ཀྱི་རིན་གོང་ཕྲན་བུ་མཐོ་རུ་འགྲོ་ཡི་ཡོད་པ་རེད། ཡིན་ཡང་ཕྱི་ལོ་༢༠༡༠ ཕྱི་ཟླ་ ༡༢ ནས་བཟུང་སྔོ་ཚལ་ཚོང་གཉེར་པ་རྒྱ་རིགས་ཚོས་གཅིག་གྱུར་གྱིས་སྔོན་དང་མ་འདྲ་བར་སྔོ་ཚལ་དང་ཤིང་ཏོག་རིགས་ཀྱི་རིན་གོང་ལྡབ་ལོག་སྤར་སྟབས། དེ་གའི་ཡུལ་མི་གང་ཟག་མི་རེ་ངོ་རེ་སྔོ་ཚལ་ཚོང་ཁང་ཁག་ཏུ་ཕྱིན་ནས་༤་༡༤ ཡུལ་ཤུལ་ས་འགུལ་ཁྲོད་ཡུལ་མི་ཚོར་མི་ཤི་གོད་ཆག་དང་ཆབ་དཔལ་རིག་གསུམ་ལ་གནོད་འཚེ་ཚབ་ཆེན་ཕོགས་ཡོད་པ་རེད་དེའི་ཁར་ཁྱེད་ཚོས་ཚལ་རིགས་གཙོས་པའི་དངོས་རྫས་རྣམས་ཀྱི་རིན་གོང་སྤར་ན་འཚམས་པོ་མེད་པ་མ་ཟད་ང་ཚོར་དཀའ་ངལ་འཕར་མ་ཞིག་འཕྲད་བཞིན་འདུག་ན་རིན་གོང་སྔོན་བཞིན་རང་འཇགས་བཞག་རོགས་ཞེས་འབོད་སྐུལ་ཐེངས་མང་ཞུས་ཀྱང་། རྒྱ་རིགས་སྔོ་ཚལ་ཚོང་གཉེར་པ་ཚོས་གཅིག་འགྱུར་གྱིས་རིན་གོང་རྩ་བ་ནས་ཆུང་རུ་བཏང་མི་འདུག དེ་ནས་ཡུལ་མི་ཚོ་གཅིག་ཏུ་བསྒྲིལ་ནས་རྒྱ་རིགས་སྔོ་ཚལ་ཚོང་ཁང་གཙོས་པའི་ཚོང་ཁང་དང་ཟ་ཁང་སོགས་ནས་ཉོ་ཚོང་མཚམས་འཇོག་བྱ་རྒྱུའི་ཆོད་སེམས་བཅངས་སྟེ། ཁུལ་དེའི་ཁྲོམ་ལམ་གཡས་གཡོན་དུ་རྒྱ་རིགས་ཚོང་ཁང་དང་ཟ་ཁང་སོགས་ནས་ཉོ་ཚོང་མཚམས་འཇོག་དགོས་ལུགས་ཀྱི་ཡིག་ཆ་ཕོན་ཆེན་སྦྱར་འགྲིམ་བྱས་ཡོད་པ་མ་ཟད་བོད་རིགས་དང་བླངས་ཁག་ཅིག་གིས་རྒྱ་རིགས་ཚོང་ཁང་གཡས་གཡོན་ནས་ཟུར་སྲུང་བྱས་ཤིང་གནས་བབ་ལ་རྨོངས་པའི་ བོད་རིགས་གང་ཞིག་མཐོང་ཚེ་གནས་ལུགས་རྒྱུ་མཚན་འབྲེལ་བཤད་སྐྱོན་གྱི་ཡོད་པས་བོད་མི་རྣམས་རྒྱ་རིགས་སྔོ་ཚལ་ཚོང་ཁང་གིས་གཙོས་ཚོང་ཁང་ཁག་དང་ཟ་ཁང་སོགས་ལ་འགྲོ་རྒྱུ་མཚམས་འཇོག་བྱས་ཡོད་འདུག འོན་ཀྱང་ཁུལ་དེར་བོད་རིགས་སྔོ་ཚལ་ཚོང་གཉེར་གནང་མཁན་ཉུང་ཤས་ལས་མེད་རྐྱེན་བོད་རིགས་ཁག་ཅིག་གིས་ཟི་ལིང་དང་སྨད་ཕྱོགས་ནས་སྔོ་ཚལ་འབོར་འདྲེན་གནང་ནས་རིན་གོང་རྒྱ་རིགས་ཚོ་ལས་ལྡབ་འགྱུར་ལས་དམའ་བ་བྱས་ནས་འཚོང་གི་ཡོད་འདུག

ཡུལ་དེ་གའི་བོད་མི་མང་པོ་ཞིག་གིས། ང་ཚོ་བོད་མི་རིགས་འདི་ནི་སྐལ་བ་ཡ་ཐོག་ནས་རྒྱུད་དེ་ཤ་མར་རྩམ་པ་སོགས་བོད་ཟས་ཁོ་ན་ཡིས་འཚོ་བ་བསྐྱལ་ནས་འོང་པ་ཡིན་པས་རྒྱ་ཟས་མེད་ཀྱང་མི་ཚེ་འཁྱོལ་འགྲོ་ཡི་རེད། དེ་འདྲ་ཡིན་ཙང་ལོ་ག་ཚད་བར་དུ་རྒྱ་རིགས་ཚོང་ཁང་དང་ཟ་ཁང་སོགས་ནས་ཉོ་ཚོང་མཚམས་འཇོག་བྱེད་དགོས་ཀྱང་བྱེད་ཀྱི་ཡིན། ད་དུང་རྒྱ་རིགས་ཀྱིས་གཉེར་བའི་འཕྲུལ་རྟ་དང་རླངས་འཁོར། དེ་བཞིན་དེང་རབས་གློག་ཆས་རིགས་སོགས་བཟོ་བཅོས་རྒྱག་ས་ལ་འགྲོ་རྒྱུའི་མཚམས་འཇོག་དགོས་ངེས་རེད་ཅེས་བརྗོད་ཀྱི་ཡོད་འདུག ཡིན་ནའང་ས་ཁུལ་དེར་འཕྲུལ་རྟ་དང་རླངས་འཁོར། དེང་རབས་འཕྲུལ་ཆས་སོགས་བཟོ་བཅོས་བྱེད་ཤེས་མཁན་བོད་རིགས་ཆེས་ཉུང་ཤས་ཡིན་པས་ལས་འགུལ་ལག་བསྟར་བྱེད་རྒྱུ་ཁག་པོ་རེད་འདུག་ཅེས་འབྲེལ་ཡོད་ཀྱིས་གསུངས་ཀྱི་འདུག ཡང་ཁོང་གིས་ནང་ཆེན་ཁུལ་ནས་བོད་མིའི་ཚོས་རྒྱ་རིགས་སྔོ་ཚལ་ཚོང་ཁང་དང་ཟ་ཁང་སོགས་ནས་ཉོ་ཚོང་མཚམས་འཇོག་བྱས་ནས་ཟླ་བ་གསུམ་ལྷག་ཕྱིན་ཡོད་པ་རེད། དུས་ཚོད་དེའི་རིང་རྒྱ་རིགས་ཚོའི་སྔོ་ཚལ་དང་ཤིང་ཏོག་རིགས་ཕོན་ཆེན་རྙིང་རུལ་ཕྱིན་ནས་གད་སྙིགས་ཁྲོད་དུ་གཡུགས་དགོས་བྱུང་བ་དང་ཚོང་ཁང་དང་ཟ་ཁང་སོགས་ལ་ཁེ་བཟང་མེད་རྐྱེན་དེང་སང་ཚོང་པ་ཚོའི་ངོ་གདོང་ནས་འུ་ཐུག་གི་རྣམ་འགྱུར་མཐོང་གི་འདུག དེ་སང་རྒྱ་རིགས་ཚོས་སྔོ་ཚལ་གྱི་རིན་གོང་བོད་པ་ཚོ་དང་གཅིག་མཚུངས་བྱས་ནས་འཚོང་གི་འདུག ད་རྒྱ་རིགས་ཀྱི་ཚོང་ཁང་དང་ཟ་ཁང་སོགས་ནས་ཅ་དངོས་ཉོ་ཚོང་མཚམས་འཇོག་གི་ལས་འགུལ་འདི་ག་ཚོད་བར་དུ་རྒྱུན་སྐྱོང་ཐུབ་ཀྱི་ཡོད་མེད་མི་ཤེས་ཟེར། ཁོང་གིས་དབུགས་རིང་ཞིག་འཐེན་ཞོར་དུ་སྤྱིར་བཏང་བོད་མིའི་ཚོས་གུང་ཁྲན་གཞུང་ལ་བདེ་སྡུག་ཞུ་ས་མེད་སྟབས་ལས་འགུལ་འདི་འདྲ་མི་སྤེལ་ཐབས་མེད་རེད་ཅེས་གསུངས་སོང་།