༧ཀླུ་ལྡིང་མཁན་ཆེན་༧རྡོ་རྗེ་འཆང་མཆོག་གི་སྐུ་གདུང་ཞུགས་འབུལ།
ཟླ་འདིའི་ཚེས་༡༦ ཉིན་སྡེ་ར་ལྡུན་མན་ཌུ་ཝ་ལ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་ངོར་དཔལ་ཨེ་ཝཾ་ཆོས་ལྡན་དུ་༧སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་གནང་འདུག
སྐབས་དེའི་སྐུ་གདུང་ཞུགས་འབུལ་ཐོག ༧དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་དང་ཁྲི་འཛིན་ཞེ་གསུམ་པ། འཁོན་གདུང་རྣམ་པ། ༸སྐྱབས་རྗེ་ངོར་དང་བཅོ་བརྒྱད་ཁྲི་པ་མཁན་རིན་པོ་ཆེ་རྣམ་པ། ༸སྐྱབས་རྗེ་ངོར་ཞབས་དྲུང་རྣམ་པ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། སྲིད་ཚབ་དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་དང། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་དང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ། རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་རིན་ཆེན་ལྷ་མོ་དང་། ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་ཚེ་དབང་། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་དབང་ཕྱུག། ལ་དྭགས་དགོན་ཚོགས་ཀྱི་ཚོགས་གཙོ་ཨཱཙརྱ་བསྟན་འཛིན་དབང་གྲགས།གཞན་ཡང་གཞུང་དང་གཞུང་འབྲེལ་མིན་པའི་སྐུ་ཚབ་རྣམ་པ་སོགས་ཀྱིས་གཙོས་པའི་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་དད་ལྡན་མང་ཚོགས་ཁྱོན་ ༥༠༠ ལྷག་དང་དགེ་འདུན་པ་ ༡༥༠༠ ལྷག་བཅས་ལྷན་འཛོམས་གནང་འདུག
རྩ་བའི་༸སྐྱབས་རྗེ་ངོར་ཨེ་ཝཾ་ཤར་ཆེན་༸ཀླུ་ལྡིང་མཁན་ཆེན་༸རྡོ་རྗེ་འཆང་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་དགུང་ཞག་ཞེ་དགུ་ཧྲིལ་པོ་མ་གྲུབ་བར་དུ་གདན་ས་ངོར་མ་དགོན་དུ་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རྣམ་གཉིས་ཀྱིས་དབུས་པའི་འཁོན་གདུང་རྣམ་པ། ༸སྐྱབས་རྗེ་ངོར་དང་བཅོ་བརྒྱད་ཁྲི་པ་མཁན་རིན་པོ་ཆེ་རྣམ་པ། ༸སྐྱབས་རྗེ་ངོར་ཞབས་དྲུང་རྣམ་པ་དབུ་བཞུགས་ཐོག དགེ་འདུན་འདུས་པ་བརྒྱ་ཕྲག་དྲུག་ལྷག་གིས་བདུན་རེར་ངོར་ལུགས་དཀྱིལ་འཁོར་བདུན་དང་། ཀུན་རིག་སྟེ་དཀྱིལ་འཁོར་བརྒྱད་ཀྱི་སྒྲུབ་པ་དངོས་སྟ་ཟུང་རེ་དང་། བླ་མཆོད། བསྐང་གསོ་བཅས་ཀྱི་སྒྲུབ་པ་གནང་སྟེ་དགོངས་རྫོགས་ཀྱི་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཚོགས་གནང་ཡོད་འདུག
༸སྐྱབས་མཆོག་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གང་ཉིད་དགུང་གྲངས་ ༩༢ རབ་གནས་ཆུ་ཕོ་སྟག་བོད་ཟླ་ ༡༡ ཚེས་ ༦ ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༨ རེས་གཟའ་ལྷག་པའི་ཐོ་རེངས་སུ་རྒྱ་གར་འཕགས་པའི་ཡུལ་གནས་མཆོག་རྡོ་རྗེ་གདན་ངོར་ཀླུ་ལྡིང་བླ་བྲང་གི་གཟིམ་ཤག་ཏུ་དགོངས་པ་ཞི་བར་གཤེགས་པ་དང་། ཟླ་འདིའི་ཚེས་ ༡༦ ཉིན་གཟའ་སྐར་འཕྲོད་སྦྱོར་ཕུན་ཚོགས་དང་སྟབས་བསྟུན་༸རྡོ་རྗེ་འཆང་མཆོག་གིས་ཕྱག་བཏབ་པའི་གདན་ས་ངོར་དཔལ་ཨེ་ཝཾ་ཆོས་ལྡན་དགོན་དུ་སྐུ་གདུང་ཞུགས་འབུལ་གནང་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།