དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ཐའེ་ཝན་དུ་བཀའ་དབང་གནང་བ།
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེན་པོ་ཆེ་མཆོག་ཐའེ་ཝན་དུ་ཞབས་སོར་འཁོད་པ་དང་སྟབས་བསྟུན། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་ཆེད་དུ་གསོལ་བ་བཏབ་པ་ལྟར། ཟླ་༤ པའི་ཚེས་༣ ཉིན། ཐའེ་ཝན་གྱི་དད་ལྡན་མི་མང་དང་། དེར་ཡོད་བོད་བརྒྱུད་ནང་པའི་དགེ་འདུན་པ་གཙོ་བོར་གྱུར་པའི་གྲྭ་བཙུན་སྔགས་གསུམ་གྱིས་མཚོན་པའི་འདུས་པ་སྟོང་ཕྲག་བརྒལ་བར་ཇོ་བོ་བཀའ་བདམས་པ་ནས་བརྒྱུད་པའི་ཐུབ་པ་དམ་ཚིག་གསུམ་བཀོད་དང་འབྲེལ་བའི་སྤྱན་རིས་གཟིགས་ཀྱི་རྗེས་གནང་དང་བཀའ་ཆོས་ཟབ་རྒྱས་གནང་ཡོད་པ་རེད་འདུག

ད་དུང་༧གོང་མ་ཁྲི་ཆེན་མཆོག་གིས་འདུས་པ་ཡོངས་ལ་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོའི་བཀའ་སློབ་ལམ་སྟོན་ལྟར་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དང་། བྱམས་བརྩེ་བྱང་ཆུབ་སེམས་ཀྱི་ཉམས་ལེན་སོགས་ཀྱི་ཐད་ཚང་མས་ཐུགས་སྣང་དགོས་པའི་ལམ་སྟོན་དང་། དེ་བཞིན་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་ལོ་མང་རིང་ཐའེ་ཝན་དུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་སོགས་དང་འབྲེལ་བའི་ཕྱག་ལས་མང་པོ་གནང་བར་བསྔགས་བརྗོད་དང་དབུགས་དབྱུང་གཟེངས་བསྟོད་མཛད་ཡོད་འདུག

ཐེངས་འདིའི་བཀའ་ཆོས་ལ་དཔལ་ས་སྐྱའི་༧གོང་མ་ཁྲི་འཛིན་ཞེ་གཉིས་པ་ཆེན་པོ་མཆོག་དང་། ངོར་ཐར་རྩེ་མཁན་རིན་པོ་ཆེ་སོགས་ཆེད་ཕེབས་གནང་ཡོད་པ་དང་། གཞན་ཡང་བོད་བརྒྱུད་དང་རྒྱ་བརྒྱུད་ཀྱི་མཁན་སྤྲུལ་དགེ་བཤེས་དགེ་འདུན་པ་བརྒྱ་ཕྲག་བརྒལ་བ་དང་། ཐའེ་ཝན་གྱི་དོན་གཅོད་སོགས་ས་གནས་ཀྱི་བོད་རིགས་མི་མང་བཅས་མི་མང་སྟོང་ཕྲག་ལྷག་ཙམ་མཉམ་ཞུགས་གནང་ཡོད་འདུག
དེ་ཡང་བཀའ་དབང་འདི་ནི་ཞིབ་འཇུག་ཚོགས་པའི་འགན་འཛིན་རྒྱུན་ལས་རིས་མེད་ཆོས་བརྒྱུད་ཁག་གི་མཁན་སྤྲུལ་དགེ་བཤེས་རྣམ་པས་ཐུན་མོང་དུ་གོ་སྒྲིག་ཞུས་པ་ཞིག་ཡིན་ཞིང་། ཚང་མས་ཐུན་མོང་དུ་རྩི་བཀུར་དང་མོས་གུས་ཞུ་ཡུལ་གྱི་བླ་ཆེན་ཁག་གཞན་ལའང་དེ་བཞིན་གསོལ་འདེབས་ཞུས་དང་ཞུ་མུས་ཡིན་སྐོར་གསུངས་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།