ཆུ་སྒང་དབུས་རྒྱུན་སྐབས༢༣ པའི་དངོས་གཞིའི་འོས་བསྡུ་ཆེན་མོ།
ཟླ་འདིའི་ཚེས་༡༦ ཉིན་འཛམ་གླིང་ས་ཕྱོགས་གང་ས་ལ་ཡོད་པའི་མདོ་ཁམས་མི་མང་ཡོངས་ཀྱིས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་སྐབས་༢༣ པའི་དངོས་གཞིའི་འོས་བསྡུ་གནང་སོང་།
དེ་ཡང་མདོ་ཁམས་མི་མང་ཚོས་རྒྱ་བལ་འབྲུག་གསུམ་གཙོས་པའི་ཨེ་ཤི་ཡའི་མངའ་ཁུལ་གྱི་འོས་བསྡུའི་ས་ཚིགས་༣༡ དང་བྱང་ཨ་རིའི་ཁུལ་གྱི་འོས་བསྡུའི་ས་ཚིགས་༨ ། ཡུ་རོབ་མངའ་ཁུལ་གྱི་འོས་བསྡུའི་ས་ཚིགས་༤ དང་ཨོ་གླིང་མངའ་ཁུལ་གྱི་འོས་བསྡུའི་ས་ཚིགས་༡ བཅས་ཁྱོན་བསྡོམས་ས་ཚིགས་༤༤ ལ་ཆུ་སྒང་དབུས་རྒྱུན་སྐབས་༢༣ པའི་དངོས་གཞིའི་འོས་འཕེན་གྱི་ཡོད་འདུག

ཐེངས་འདིའི་འོས་བསྡུ་དང་འབྲེལ་བའི་ཐོག་ང་ཚོས་དབུས་འོས་བསྡུ་ཚོགས་ཆུང་གི་ཚོགས་གཙོ་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་སུ་ཆུ་སྒང་འོས་བསྡུའི་གལ་གནད་དང་གནས་སྟངས་སོགས་ཀྱི་ཐད་བཅར་འདྲི་ཞིག་ཞུས་པའི་ལན་དུ་ཁོང་གིས་དེ་རིང་༢༠༢༣ ཟླ་༤ ཚེས་༡༦ རེས་གཟའ་ཉི་མའི་ཉིན། ཉིན་བརྒྱ་དུས་གཅིག་ལ་སྐབས་༢༣པའི་ཆུ་སྒང་དབུས་རྒྱུན་གསར་འདེམས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་ཆགས་བསྡད་ཡོད་རེད། རྒྱ་བལ་འབྲུག་གསུམ་གཙོས་པའི་ཨེ་ཤི་ཡ་དང་། བྱང་ཨ་མེ་རི་ཀ ཨོ་སི་ཊི་ལི་ཡ། དེ་བཞིན་ཡུ་རོབ་བཅས་ལ་ཁྱོན་ས་གནས་འོས་བསྡུ་ཚོགས་ཆུང་ཁག་ ༤༤ ཡོད་རེད། ས་གནས་འོས་བསྡུ་ཚོགས་ཆུང་རེ་རེའི་འོག་ལ་འོས་བླུག་སའི་ས་ཚིགས་མང་པོ་ཡོད་རེད། དཔེར་ན་དྷ་རམ་ས་ལ་ས་གནས་འོས་བསྡུ་ཚོགས་ཆུང་གི་ཁྱབ་ཁོངས་གཅིག་པོར་མཚོན་ན་འོས་བླུག་སའི་ས་ཚིགས་༡༣ ཙམ་འདུག གོང་འཁོད་ས་གནས་ཁག་ཏུ་ཁྱབ་པའི་མདོ་ཁམས་མི་མང་ཡོངས་ནས་ད་ལན་གྱི་འོས་བསྡུའི་ནང་དུ་ཆ་ཤས་ལེན་གྱི་ཡོད་པ་རེད་ཅེས་དང་། སྤྱིར་འོས་བསྡུའི་གལ་ཆེ་རང་བཞིན་སྐོར་ལ་ཁོང་གིས་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་ཤིག་ལ་མཚོན་ན། མི་མང་གིས་མང་གཙོའི་ལམ་ནས་སོ་སོའི་དབུ་ཁྲིད་དང་འཐུས་མི་འདེམས་པའི་གཞི་རྩའི་ཐོབ་ཐང་དེ་ཡོད་མ་རེད། ཐད་ཀར་དབང་ཆ་དང་ཤུགས་རྐྱེན་ཡོད་མཁན་རེ་ཟུང་གིས་གང་བྱེད་བྱེད་འདྲ་ཞིག་རེད། འོན་ཀྱང་། མང་གཙོའི་ལམ་ལུགས་ཤིག་ལ་མཚོན་ན་མི་མང་གིས་གང་ཟག་སུ་ལ་ཡོན་ཏན་དང་འཇོན་ཐང་མཐོང་ན་དེ་ལ་འོས་བླུགས་ནས་སོ་སོའི་དབུ་ཁྲིད་དང་འཐུས་མི་རུ་འདེམས་པའི་ཐོབ་ཐང་ཡོད་པ་རེད། དེ་བས། མང་གཙོ་ལམ་ལུགས་ཀྱི་ནང་གི་འོས་བསྡུ་བྱེད་རྒྱུ་ནི་མིའི་རིགས་ཀྱི་ཆབ་སྲིད་ལམ་ལུགས་ཁྲོད་ནས་ཆེས་བླ་ན་མེད་པ་དང་རིན་ཐང་ལྡན་པ་ཞིག་རེད་བསམ་གི་འདུག་ཅེས་གསུངས་སོང་།
དེ་བཞིན་ཆུ་སྒང་འོས་བསྡུའི་གལ་ཆེ་རང་བཞིན་སྐོར་ལ་ཁོང་གིས་སྒྲིག་འཛུགས་དང་ཚོགས་པ་གང་འདྲ་ཞིག་ལ་མཚོན་ནའང། དེའི་སྣེ་འཁྲིད་མཁན་ནམ་འཐུས་མི་ནི་འོས་བསྡུ་བྱས་ཏེ་འདེམས་དགོས་རྒྱུ་གལ་ཆེ་ཞིག་ཏུ་མཐོང་། དེ་ལྟར་བྱས་ན་སྲ་བརྟན་དང་། ནང་ཁུལ་ཆིག་སྒྲིལ་དང་། ལས་དོན་ཚགས་ཚུད་སོགས་མདོར་ན་མང་གཙོའི་ཡོན་ཏན་བླ་ན་མེད་པ་དེ་མངོན་ཐུབ་ཀྱི་ཡོད། ང་རང་ཚོའི་རྒྱལ་ཡོངས་རང་བཞིན་གྱི་འོས་བསྡུའི་ལས་རིམ་སྤྱི་ཡོངས་ལ་བལྟས་ཡོང་དུས། འོས་གཞིར་བཞེང་མཁན་གྱི་འོས་མི་ཚོས་ངོ་དེབ་དང་ཝ་ཚབ་དང་ཋེ་ལེ་གྷ་རམ་སོགས་སྤྱི་ཚོགས་དྲྭ་རྒྱའི་ནང་དུ་ཁྱབ་བསྒྲགས་བྱས་སྟངས་དང་། ཚོགས་པ་ཁག་ནང་དུ་ཆ་ཤས་བླངས་ཏེ་བགྲོ་གླེང་གནང་སྟངས་ཧ་ཅང་ཚགས་ཚུད་པོ་དང་ཡིན་ལུགས་ཚད་ལྡན་སོགས་མདོར་ན་མང་གཙོའི་རིན་ཐང་ཚད་མཐོན་པོ་མངོན་པ་ཞིག་ཡོང་སོང་བསམ་པའི་ཚོར་སྣང་བྱུང། མང་གཙོའི་ཁྱད་ཆོད་གཅིག་ནི་མི་མང་གིས་འོས་གཞིར་ལང་མཁན་གྱི་གང་ཟག་ལ་རྟག་དཔྱད་བྱས་པའི་ཐོག་ནས་འདེམས་ཀ་བྱེད་རྒྱུའི་ཐོབ་ཐང་དང་གོ་སྐབས་ཡོད་པ་དེ་རེད། དེའི་ཕྱིར། ད་ལན་འོས་འཕེན་མཁན་རྣམ་པ་ཚོར་མཚོན་ནའང་མིག་བཙུམས་ནས་འོས་བླུགས་པ་ལྟར་མ་ཡིན་པར། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་སོ་སོའི་རྣམ་དཔྱོད་ཡོངས་སུ་རྫོགས་པ་བེད་སྤྱོད་བཏང་ནས་འོས་བླུག་རྒྱུའི་གོ་སྐབས་བྱུང་སོང་བསམ་པ་བྱུང་། གཞན་ཡང་། ད་ཡོད་ང་རང་ཚོའི་འོས་བསྡུའི་སྒྲོམ་གཞི་འདི་རིམ་པར་ཚགས་ཚུད་དུ་གཏོང་ཐུབ་ན། མ་འོངས་པར་ང་རང་ཚོ་བོད་རང་བཙན་ཐོབ་བའི་དུས་སྐབས་སུ་དཔེ་མཚོན་ལེན་ཆོག་ས་ཞིག་ཆགས་ཐུབ་རྒྱུ་རེད་ཀྱང་དྲན་གི་འདུག་ཅེས་གསུངས་སོང་།
ཐེངས་འདིའི་དངོས་གཞིའི་འོས་བསྡུའི་ནང་འོས་གཞི་༢༢ ཡོད་པ་དང་འོས་མི་དེ་དག་ལས་འོས་གྲངས་མང་ཤོས་ཐོབ་མཁན་གྱི་འོས་མི་༡༡ ནི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐབས་༢༣ པའི་རྒྱུན་ལས་ཆགས་ཀྱི་ཡོད་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།