རྒྱ་ནག་གིས་ཨབ་གྷན་དྲག་སྤྱོད་པའི་གཞུང་རྒྱུད་གཅིག་ལམ་གཅིག་ལས་གཞིའི་ནང་འཛུལ་རྒྱུ་མོས་མཐུན་བྱས་འདུག
ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨབ་གྷན་དྲག་སྤྱོད་པའི་གཞུང་ལ་དཔལ་འབྱོར་གྱི་ཉེས་ཆད་ལྕི་པོ་བཅད་པར་བརྟེན། འཛུགས་སྐྲུན་གྱི་ལས་གཞི་མང་པོ་ཞིག་འགོ་འཛུགས་མ་ཐུབ་ནས་ལྷག་པའི་སྐབས་འདིར་ཨ་སྒོར་ཐེར་འབུམ་མང་པོ་མ་འཛུགས་བྱས་པའི་ལས་གཞི་རྒྱུད་གཅིག་ལམ་གཅིག་ནང་ཨབ་གྷ་ནི་སི་ཐན་འཛུལ་ཞུགས་བྱེད་རྒྱུ་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀྱིས་མོས་མཐུན་བྱས་འདུག

ཟླ་བ་འདིའི་ཚེས་༦ གཟའ་སྤེན་པའི་ཉིན་པ་ཀི་སི་ཐན་གྱི་རྒྱལ་ས་ཨི་སི་ལ་མ་བྷ་ཧི་ཏེ་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཤོན་གྷན་གྷན་(Qin Gang)དང་པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་བྷི་ལེ་འན་བྷུ་ཀྲོ་(Bilawal Bhutt0)གཉིས་ཀྱི་མཇལ་འཛོམས་སྐབས། རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀྱི་དཔལ་འབྱོར་ཐེབས་རྩ་ཁང་ནས་ཨ་སྒོར་ཐེར་འབུམ་600 ཨབ་གྷ་ནི་སི་ཐན་གྱི་དཔལ་འབྱོར་བསྐྱར་གསོའི་ཆེད་དུ་གཡར་རྒྱུ་ཡིན་པ་བརྗོད་འདུག
རྒྱ་ནག་དང་པ་ཀི་སི་ཐན་གཉིས་ནས་ཨབ་གྷ་ནི་སི་ཐན་གྱི་མི་མང་གི་གཞི་རྩའི་དགོས་མཁོ་རོགས་སྐྱོར་དང་དཔལ་འབྱོར་བསྐྱར་གསོའི་ཆེད་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀྱི་ཐེབས་རྩ་ཁང་(China-Pakistan Economic Corridor )ཞེས་པ་ནས་དཔལ་འབྱོར་གྱི་རོགས་སྐྱོར་སྤྱོད་རྒྱུ་ཡིན་པ་བརྗོད་འདུག ཨབ་གྷ་ནི་སི་ཐན་དབུས་དངུལ་ཁང་གི་མ་དངུལ་ཨ་སྒོར་ཐེར་འབུམ་༩ ཕྱི་ཕྱོགས་ལ་ཡོད་པ་རྣམས་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཏ་ལི་པང་དྲག་སྤྱོད་པའི་གཞུང་གིས་བེད་སྤྱོད་ལོག་པ་གཏོང་ཡོང་སྙམ་ནས་བཀག་སྡོམ་བྱས་ཡོད་པ་དག་ཕྱིར་སྤྲོད་ཐབས་ཆེད་འབད་བརྩོན་བྱེད་རྒྱུ་ཡིན་པ་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀྱི་ཕྱི་སྲིད་བློན་ཆེན་གཉིས་ནས་བརྗོད་འདུག
ཕྱིས་སུ་ཨ་རི་ཡིས་ཨབ་གྷ་ནི་སི་ཐན་གྱི་མ་དངུལ་ཕྱེད་ཀ་དཔལ་འབྱོར་བསྐྱར་གསོའི་ཆེད་སྤྲོད་རྒྱུ་ཡིན་ཚུལ་བརྗོད་ཡོད་ཀྱང་ལོ་སྔོན་མ་ནས་ཨབ་གྷ་ནི་སི་ཐན་ནང་ཏ་ལི་པང་དྲག་སྤྱོད་ཚོགས་པས་སློབ་གྲྭའི་ནང་ཁྲིམས་དམ་དུ་བཏང་ཡོད་པ་དང། བུད་མེད་སློབ་གྲྭར་འགྲོ་རྒྱུ་དམིགས་བསལ་བཀག་སྡོམ་བྱེད་བཞིན་ཡོད་པར་བརྟེན། ཨ་རི་ཡིས་སྤྲོད་འཆར་ཡོད་པའི་མ་དངུལ་རྣམས་བསྐྱར་དུ་བཀག་སྡོམ་བྱས་ཡོད་འདུག ཏ་ལི་པང་དྲག་སྤྱོད་ཚོགས་པའི་འགོ་པ་མཐོ་གྲས་ཨི་མར་ཁམ་མ་ཀྲུ་(Amir Khan Muttaqi)པ་ཀི་སི་ཐན་ནང་ཡོང་ནས་རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་བློན་ཆེན་རྣམས་དང་ཐུག་འཕྲད་བྱས་ཡོད་ཅིང་། སྐབས་དེ་དུས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ནང་ཨབ་གྷ་ནི་སི་ཐན་འཛུལ་ཞུགས་བྱེད་རྒྱུ་མོས་མཐུན་བྱུང་ཡོད་འདུག་ལ། འདས་ལོའི་ནང་ཨབ་གྷན་ནི་སི་ཐན་གྱི་དཔལ་འབྱོར་གནས་འབབ་ཧ་ཅང་སྐྱོ་པོ་ཡིན་པར་བརྟེན། ཏ་ལི་པང་དྲག་སྤྱོད་ཚོགས་པས་རྒྱ་ནག་གཞུང་ལ་ཨབ་གྷ་ནི་སི་ཐན་གྱི་རང་བྱུང་ཐོན་ཁུངས་ནང་ཨ་སྒོར་ཁྲག་ཁྲིག་ཆེན་པོ་གཅིག་མ་རྩ་འཛུགས་རྒྱུར་ཞུ་གཏུགས་ཐེངས་མང་བྱས་ཡོད་པར་བརྟེན། འདི་ལོའི་ཕྱི་ཟླ་༡ ནང་རྒྱ་ནག་དང་ཨབ་གྷ་ནི་སི་ཐན་གཉིས་ཀྱི་བར་ཨབ་གྷ་ནི་སི་ཐན་བྱང་བརྒྱུད་ས་ཆ་ཨ་མུ་སྒྲབ་རེ་བྷེ་སེན་(Amu Darya Basin)ནས་སྣུམ་འདོན་རྒྱུར་གྲོས་མཐུན་བཞག་ཡོད་འདུག
བདུན་ཕྲག་སྔོན་མའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པས་བརྗོད་དོན་ལ་ཨབ་གྷི་ནི་སི་ཐན་གྱི་མི་དམངས་ས་ཡ་༤༠ འམ་གསུམ་ཆ་གཉིས་ལྷག་དབུལ་ཕོངས་ཀྱི་གནས་སུ་ལྷུང་ཡོད་པར་བརྟེན། འདི་ལོ་གཅིག་པུའི་ནང་ཏ་ལི་པང་དྲག་སྤྱོད་པའི་གཞུང་ལ་ཉུང་མཐའ་ཡང་ཨ་སྒོར་ཐེར་འབུམ་4.6 མི་དམངས་རོགས་སྐྱོར་ཆེད་དུ་དགོས་ཀྱིན་ཡོད་པར་བརྗོད་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས།