ལས་འགུལ་མཚམས་འཇོག་བྱེད་མྱོང་མེད།
དེ་ཡང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་གསུམ་སྟེ་ཚོགས་གཞོན་སྤོ་ཆུང་ཚང་དོན་འགྲུབ་ལྷ་དར་དང་། ཟུང་དྲུང་བསྟན་འཛིན་ནོར་བཟང་། དཔལ་འབྱོར་འགན་འཛིན་དཀོན་མཆོག་ཡར་འཕེལ་བཅས་གསུམ་པོ་ལ་མཚོན་ན་གཞོན་ནུ་ཚོགས་པའི་སྒྲིགས་ཁོངས་སུ་ཞུགས་ནས་བཟུང་བོད་སྤྱི་པའི་རྩ་དོན་གཙོ་བོར་བཟུང་ནས། དུས་དང་སྐབས་ཀྱི་ཛ་དྲག་གི་གནས་སྟངས་ནམ་ཡིན་ལ་མདུན་དུ་བུད་ཅིང་མི་མང་སྣེ་ཁྲིད་ཀྱིས་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་པར་བོད་ཀྱི་བདེ་སྡུག་ལ་སེམས་ཁུར་དང་ཤ་ཚ་ཡོད་མཁན་ཚོས་བསྔགས་བརྗོད་བྱེད་ཡུལ་ཞིག་ཏུ་ཆགས་ཡོད།
དེང་གི་ཆར་བོད་མདོ་སྨད་རྔ་པ་ཀིརྟིའི་དགོན་པའི་གྲྭ་ཕུན་ཚོགས་ལགས་ཀྱིས་བོད་མི་རིགས་དང་བསྟན་སྲིད་ཆེད་དུ་སྐུ་ལུས་མཆོད་མེར་བསྒྲོན་ཞིང་། ཀིརྟིའི་དགོན་པའི་དགེ་འདུན་པ་རྣམས་ཀྱིས་གཙོས་ས་ཁུལ་དེ་གའི་མི་མང་ནས་དམར་གཞུང་གི་སྡུག་རྩུབ་དང་དྲག་གནོན་ལ་མ་བཟོད་པར་ཞི་བའི་ཡར་ལངས་བྱས་པ་ནས་བཟུང་། ཁུལ་དེའི་ལོ་ན་དྲུག་བཅུ་རེ་གྲངས་ལ་སོན་པའི་རྒན་ཁོག་གཉིས་རྐྱེན་ལམ་དུ་བཏང་བ་མ་ཟད་ཀིརྟིའི་དགོན་པའི་དགེ་འདུན་པ་༣༠༠་ལྷག་ཙམ་བཙན་ཁྲིད་ཀྱིས་ག་སོང་མེད་པར་གྱུར་ཡོད། ཆེས་ཛ་དྲག་གི་གནས་སྟངས་འདིར་གོང་གསལ་གཞོན་ལྷན་གྱི་དབུས་རྒྱུན་གསུམ་པོས་གུང་ཁྲན་གཞུང་གི་སྡུག་རྩུབ་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་གཞིས་ལུས་མི་མང་ལ་གདུང་སེམས་མཉམ་བསྐྱེད་དང་ཁ་བ་རི་པའི་སྤྱིའི་དོན་དུ། ཡོད་ཚད་ཆོད་སེམས་བརྟན་པོས་བློས་བཏང་གིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་བཞིན་པ་ནི། ༧མ་ཧ་ཆེན་པོ་གྷན་དྷི་དམ་པ་དང་༧་གོང་ས་ཐམས་ཅད་མཁྱེན་པ་མཆོག་རྣམ་གཉིས་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ལག་ལེན་ངོ་མ་དེ་ཡིན། འདས་པའི་ལོ་རྒྱུས་ནང་རང་དབང་རང་བཙན་དང་། མི་རིགས་རིག་གཞུང་སོགས་སོ་སོའི་ཐོབ་ཐང་དང་ཁེ་དབང་གི་ཆེད་དུ་དྲག་པའི་འཐབ་རྩོད་དང་དམག་འཁྲུག་འོག་ཉེས་མེད་སྐྱེ་འགྲོ་མང་པོའི་ཚེ་སྲོག་འཕྲོག་ཡོད། ལྷག་པར་དུ་དེང་སང་རྡུལ་རྫས་མཚོན་ཆའི་འཇིགས་ཉེན་དང་རང་རྒྱལ་གཞན་ཕམ་གྱི་འཁྲུག་རྩོད་ཆེ་བའི་དུས་འདིར་ཁོང་རྣམ་པའི་བླ་ན་མེད་པའི་འཚེ་མེད་ཞི་བའི་འཐབ་རྩོད་དེས་འཛམ་གླིང་མི་མང་ལ་མིག་དཔེ་བཟང་པོ་ཞིག་སྟོན་གྱི་ཡོད། ད་དུང་རྒྱ་ནག་སྲིད་གཞུང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་ནི་དྲག་སྤྱོད་པ་དང་འཇིགས་སྐུལ་རིང་ལུགས་རེད་ཅེས་ཁུངས་མེད་ལོག་བཤད་བྱེད་བཞིན་པར་བརྡ་ལན་གསལ་པོ་ཞིག་སྤྲོད་ཀྱི་ཡོད་པ་རེད།
མདོ་དོན་གུས་པས་ཞུ་འདོད་པ་ནི་དབུས་གཞོན་རྒྱུན་ལས་གསུམ་པོས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཟས་བཅད་ངོ་རྒོལ་གནང་ནས་ཉིན་གྲངས་བཅུ་དགུ་ཙམ་འགྲོ་ཡི་ཡོད་པ་མ་ཚད། ཁོང་ཚོའི་ལུས་ཟུངས་ཧ་ཅང་ཉམ་ཞིང་ཚེ་སྲོག་གི་ཉེན་ཁར་སླེབས་ཡོད་པ་བརྒྱུད་ལམ་ཁག་དང་ཁོང་ཚོའི་པར་རིས་ནས་རྟོགས་ཐུབ། ནམ་རྒྱུན་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱིས་གཏམ་བཤད་གནང་སྐབས་སྐད་གདངས་མཐོ་ཞིང་ཚིག་བརྗོད་གསལ་ལ་ནང་དོན་ལྡན་པ་སོགས་ཀྱིས་མི་མང་རྣམས་ལ་ཚོར་བ་ཟབ་མོ་སྤྲོད་ཐུབ་མཁན་ཞིག་རེད། ཡིན་ཡང་ཉེ་འཆར་བརྒྱུད་ལམ་ཁག་གིས་ཁོང་རྣམ་པ་གསུམ་ལ་བཅར་དྲི་བྱེད་སྐབས་སྔོན་གྱི་སྐད་གདངས་ཧ་ཅང་ཉམ་ཞིང་ཚིག་བརྗོད་ཀྱང་གསལ་ཁ་དེ་ཙམ་མེད་པ་ཆགས་ཡོད་པ་ཚོར་དུས། ཡ་ཆུང་སེམས་པ་སྐྱོ་ཞིང་བོད་མི་རིགས་ཀྱི་ལས་དབང་འདིར་སྐྱོ་འདང་རིང་མོ་ཞིག་ངང་གིས་ཤོར།
ད་ཆ་ཁོང་རྣམ་པ་གསུམ་ཤི་གསོན་གྱི་མཚམས་ལ་སླེབས་རུང་ཆོད་སེམས་ལ་འགྱུར་བ་གཏན་ནས་མེད་པ་ནི་རླབས་ཆེན་དང་སྤོབས་པ་སྐྱེས་འོས་པ་ལུས་ཡིན། ཡིན་ཡང་ཤེས་འཇོན་དང་ལྷག་བསམ་གསུམ་ལྡན་གྱི་གངས་ཅན་ཕོ་རྒོད་གསུམ་པོ་བལྟས་བལྟས་རིག་རིག་ཏུ་ཤི་བཅུག་ན་ཕུགས་རྒྱང་རིང་པོའི་བོད་ཀྱི་རྩ་དོན་ལ་གྱོང་རྒུད་དང་ཕམ་ཁ་ཧ་ཅང་ཆེ་བས། བོད་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབོད་སྐུལ་བརྒྱུད་ནས་ཁོང་ཚོའི་ཚེ་སྲོག་མྱུར་སྐྱོབས་གནང་དགོས་པ་ཤིན་ཏུ་གལ་ཆེ་ཡིན་པར་སྙམ།།
