རྒྱ་གར་ནང་ཧིན་སྒོར་༢༠༠༠ ལོར་བཀག་སྡོམ།
རྒྱ་གར་གྱི་བཀར་འཇུག་དངུལ་ཁང་(Reserve Bank of India) གིས་ཟླ་འདིའི་ཚེས་༡༩ ཉིན་ཧིན་སྒོར་༢༠༠༠ ལོར་བཀག་སྡོམ་བྱེད་རྒྱུའི་ཐག་གཅོད་བྱས་འདུག

ཟླ་འདིའི་ཚེས་༢༢ ཉིན་(NDTV) གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཚེས་༡༩ ཉིན་རྒྱ་གར་གྱི་བཀར་འཇུག་དངུལ་ཁང་གིས་ཧིན་སྒོར་༢༠༠༠ ལོར་བཀག་སྡོམ་བྱེད་རྒྱུའི་ཐག་གཅོད་ཀྱིས་གསལ་བསྒྲགས་སྤེལ་བའི་རྗེས། ཧིན་སྒོར་༢༠༠༠ ལོར་དངུལ་ཁང་ལ་བརྗེ་ལེན་བྱེད་དུས་འགེང་ཤོག་དགང་དགོས་པ་དང་རྒྱ་གར་གྱི་ལག་འཁྱེར་ཨ་དྷར་(Aadhaar Card) སོགས་དགོས་ཀྱི་ཡོད་རབས་ཀྱི་དཀྲོག་གཏམ་མང་དག་ཅིག་ཁྱབ་བཞིན་ཡོད་པར་བརྟེན། གནས་ཚུལ་གསལ་བོ་ཡོང་ཆེད་རྒྱ་གར་དབུས་དངུལ་ཁང་(State Bank Of India) གིས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་ཧིན་སྒོར་༢༠༠༠ ལོར་དངུལ་ཁང་ལ་བརྗེ་ལེན་བྱེད་དུས་འགེང་ཤོག་དགང་མི་དགོས་པ་མ་ཟད་ངོས་འཛིན་ལག་འཁྱེར་སོགས་གང་ཡང་དགོས་ཀྱི་མེད་པ་དང་། ཉིན་གཅིག་དུས་གཅིག་ལ་ཧིན་སྒོར་༢༠༠༠ ལོར་ཁྱོན་༢༠༠༠༠ ལས་མི་མང་བར་དངུལ་ཁང་དུ་བཅོལ་བ་དང་། ཡང་ན་བརྗེ་ལེན་བྱེད་ཆོག་གི་ཡོད་འདུག
ཧིན་སྒོར་༢༠༠༠ ལོར་དེ་ཕྱི་ལོ་༢༠༡༦ ཕྱི་ཟླ་༡༡ ་ནང་རྒྱ་གར་དུ་ཆེས་ཐོག་མར་དཔར་ཡོད་པ་དང་ཕྱི་ལོ་༢༠༢༣ ཟླ་༥ ཚེས་༡༩ ཉིན་དངུལ་ལོར་དེ་ཉིད་བཀག་སྡོམ་བྱེད་རྒྱུའི་ཐག་གཅོད་ཀྱིས་གསལ་བསྒྲགས་སྤེལ་ཡོད་འདུག
གལ་སྲིད་སོ་སོའི་ལག་ཏུ་ཧིན་སྒོར་༢༠༠༠ ལོར་དེ་ཡོད་ཚེ་ཟླ་འདིའི་ཚེས་༡༩ ནས་ལོ་འདིའི་ཕྱི་ཟླ་༩ པའི་བར་སོ་སོའི་ཉེ་འཁྲིས་སུ་ཡོད་པའི་དངུལ་ཁང་གང་ཡང་རུང་བ་ཞིག་ལ་བརྗེ་ལེན་བྱེད་དུ་འགྲོ་ཆོག་གི་ཡོད་འདུག་ལ། གལ་སྲིད་ལོ་འདིའི་ཕྱི་ཟླ་ ༩ ཚེས་ ༣༠ རྗེས་སུ་སོ་སོའི་ལག་ཏུ་དངུལ་ལོར་༢༠༠༠ ཐམ་པ་ཡོད་ཚེ། དེ་ཡང་ཁྲིམས་ཁྲིམས་འགལ་ཆགས་འགྲོ་ཡི་མེད་པས་མུ་མཐུད་དངུལ་ཁང་དུ་བཅོལ་ཆོག་གི་ཡོད་རབས་བཀོད་འདུག
ཕྱི་ལོ་༢༠༡༧ ཟླ་༣ པའི་སྔོན་དུ་ཧིན་སྒོར་༢༠༠༠ ཐམ་པའི་འགྲོ་རྒྱུག་གི་བརྒྱ་ཆ་༨༩% ཟིན་ཡོད་ན་ཡང་། ལོ་འདིའི་ཕྱི་ཟླ་༣ པའི་ནང་ཧིན་སྒོར་༢༠༠༠ ལོར་གྱི་འགྲོ་རྒྱུག་གི་བརྒྱ་ཆ་ནི་༡༠,༨% མ་གཏོགས་ཟིན་གྱི་མེད་པ་དང་། དངོས་ཟོག་ཉོ་ཚོང་གི་ཁྲོད་དུ་ཧིན་སྒོར་༢༠༠༠ ལོར་བཀོལ་སྤྱོད་བྱེད་མཁན་ཧ་ཅང་ཉུང་བར་བརྟེན། རྒྱ་གར་གཞུང་གིས་ཧིན་སྒོར་༢༠༠༠ ལོར་དེ་བཀག་སྡོམ་བྱེད་རྒྱུ་ཐག་གཅོད་བྱས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།