སྟོན་པའི་འཁྲུངས་སྐར་དུས་ཆེན་༢༥༥༥ སྲུང་བརྩི།
ཟླ་འདིའི་ཚེས་ ༡༧ ཉིན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་ས་བལ་ཡུལ་མཐའ་མཚམས་ལུམ་བུའི་ཚལ་དང་། རྒྱལ་སའི་ཉེ་འཁོར་མཆོད་རྟེན་འཕགས་པ་ཤིང་ཀུན། བྱ་རུང་ཁ་ཤོར། ནང་པའི་མི་རིགས་མང་པོ་གནས་སྡོད་བྱེད་ཡུལ་གྲོང་ཁྱེར་པཱ་ཀྲན། བྷ་ད་པུར་སོགས་ནང་པའི་གནས་ཆེན་དང་དགོན་སྡེ་ས་གནས་འདྲ་མིན་བཅས་ལ་ཁག་སོ་སོར་ཆོས་ཕྱོགས་ཀྱི་གཙོས་བྱེད་སྒོ་འདྲ་མིན་སྤེལ་ནས་རྒྱལ་ཡོངས་རང་བཞིན་གྱིས་དུས་ཆེན་སྲུང་བརྩི་བྱས་ཡོད་པ་དང་། ལྷག་དོན་ཉིན་དེར་ནང་པའི་མཆོད་རྟེན་འཕགས་པ་ཤིང་ཀུན་རི་ངོས་ལ་ཆགས་པའི་ཨ་ནན་ཏཱ་དགོན་པས་དད་ལྡན་མི་མང་ལ་སངས་རྒྱས་ཀྱི་རིང་བསྲེལ་ངོ་མར་མཇལ་ཁ་གཏོང་གི་ཡོད་པར་བརྟེན་གནས་དེར་མི་གྲངས་སྟོང་ཚོ་མང་པོ་འཛོམས་འདུག
དེའི་ཐད་ཨ་ནན་ཏཱ་དགོན་པའི་དགེ་སློང་དང་འཁྲུངས་སྐར་མཛད་རིམ་གོ་སྒྲིག་བྱེད་མཁན་མི་སྣ་གཙོ་བོ་བྷོ་ཊ་མུར་ཏེ་ནས་བརྗོད་དོན། ང་ཚོས་འདིར་ཤྲཱིལངྒ་རྒྱལ་ཁབ་ནས་བལ་ཡུལ་མི་མང་ལ་བྱིན་རྟེན་དུ་སྤྲད་པའི་སངས་རྒྱས་མཆོག་གི་རིང་བསྲེལ་ངོ་མ་ཞིག་ཡོད་པ་ལོ་རེའི་སངས་རྒྱས་འཁྲུངས་སྐར་དུས་ཆེན་ཁྱད་པར་ཅན་དང་བསྟུན་མི་མང་མཇལ་ཁ་གཏོང་གི་ཡོད། དེ་ནི་དེ་སྔོན་ནས་ཡོད་པ་ཞིག་ཡིན་ཡང་མི་ལོ་བཅུ་ཕྲག་གི་སྔོན་སྟབས་མ་ལེགས་པར་རྐུན་ལ་ཤོར་བ་རེད། རྗེས་སུ་བལ་ཡུལ་ནས་བསྐྱར་དུ་རེ་བ་བྱས་པ་ལྟར་རང་བསྲེལ་སྤྲད་གནང་བ་དང་། མཉམ་དུ་ཤྲཱིལངྒའི་ནང་པའི་བཟོ་དབྱིབས་ཅན་གྱི་མཆོད་རྟེན་ཞིག་བཞེངས་ནས་དེའི་འོག་ལ་བཞུགས་སུ་བཅུག་ཡོད་པ་ལོ་རེ་ལ་ཐེངས་གཅིག་ཕྱི་ལ་གདན་འདྲེན་བྱས་ནས་མཇལ་ཁ་གཏོང་བ་དང་། ལོ་བཞི་རེའི་མཚམས་སུ་ཐེངས་གཅིག་མཆོད་རྟེན་གླིང་སྐོར་དང་གཞུང་ལམ་ཁག་ཅིག་ལ་གདན་འདྲེན་བྱེད་ཀྱི་ཡོད། འདི་ནི་བལ་ཡུལ་རྒྱལ་ནང་དུ་ཡོད་པའི་སངས་རྒྱས་རིང་བསྲེལ་ངོ་མ་ཕལ་ཆེར་གཅིག་པུ་དེ་ཡིན་པར་འཁྲུངས་སྐར་ཉིན་བལ་ཡུལ་གྱི་ནང་པའི་མི་རིགས་ཀྱི་གཙོས་མི་གྲངས་སྟོང་ཚོ་མང་པོ་མཇལ་ཁར་བཅར་བཞིན་པ་དང་། སྐབས་དེར་བལ་ཡུལ་གཞུང་གི་བློན་ཆེན་རིམ་པའི་མི་སྣ་གཙོ་གྲས་དང་ཤྲཱིལངྒའི་གཞུང་ཚབ་སོགས་ཆེད་ཕེབས་ཀྱིས་སྟོན་པའི་མཛད་པ་དང་འབྲེལ་བའི་མཛད་སྒོ་བསྐྱངས་སྲོལ་ཡོད་སྐོར་སོགས་གསུངས་སོང་།
ཉིན་འདིར་བལ་ཡུལ་གྱི་ནང་པའི་མི་རིགས་ཚོས་སྟོན་པའི་སྐུ་བརྙན་ལ་མཆོད་འབུལ་བྱེད་པ་དང་། སྤྲང་པོར་སྦྱིན་གཏོང་བྱེད་པ། དམར་ཟས་སྤངས་བ་སོགས་རྣམ་དཀར་དགེ་བའི་ལས་ལ་འབད་གང་ཐུབ་བྱེད་པ་དང་། ད་དུང་མང་པོ་ཞིག་གིས་སྟོན་པ་འཁྲུངས་ཡུལ་བལ་ཡུལ་ནང་ཞི་བདེ་བརྟན་བརླིང་ཡོང་རྒྱུར་རེ་བ་དང་སྨོན་ལམ་རྒྱག་བཞིན་པ་རེད། ཉིན་དེར་བལ་ཡུལ་རྒྱལ་ཡོངས་ལ་གཞུང་འབྲེལ་གྱི་གུང་སེང་ཡིན་པ་རེད།།
བལ་ཡུལ་ས་གནས་གསར་འགོད་པས།
