རྒྱ་གར་དང་ཨ་རིའི་བར་གྱི་འབྲེལ་ལམ་དང་རྒྱ་ནག་ལ་ཁ་གཏད།

རྒྱ་གར་གྱི་སྲིད་བློན་མོ་དྷིས་ཨ་རི་ལ་འཚམས་གཟིགས་སུ་ཕེབས་ཡོད་འདུག ད་ཆར་ཨུ་རུ་སུ་དང་ཡུག་རན་བར་གྱི་དམག་འཁྲུག་རྒྱག་བཞིན་པའི་སྐབས་དང། ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཨ་རྒྱ་གཉིས་ཀྱི་བར་མངའ་ཁུལ་རྩོད་ལེན། དེ་བཞིན་རྒྱ་དཀར་ནག་བར་ཧིན་བོད་ས་མཚམས་སུ་གདོང་ཐུག་ཡང་ཡང་འབྱུང་གི་ཡོད་པའི་སྐབས་སུ་སྲིད་བློན་མོ་དྷིས་ཨ་རི་ལ་འཚམས་གཟིགས་སུ་ཕེབས་པ་དེ་གནད་འགག་ཆེན་པོ་ཞིག་ཡིན་པ་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་བཞིན་འདུག

ཕྱི་ཚེས་༢༡ ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷིས་ཨ་རི་ལ་ཕེབས་ཡོད་འདུག་ལ། སང་ཉིན་ཕྱི་ཚེས་༢༢ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ནང་དུ་སྲིད་བློན་མོ་དྷིས་ལ་ཨ་རིས་གཞུང་འབྲེལ་གྱི་ཐོག་ནས་སྣེ་ལེན་ཟབ་རྒྱས་བྱེད་འཆར་ཡོད་འདུག ཐེངས་འདིའི་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་གཉིས་ཀྱི་མཇལ་འཛོམས་དེ་རྒྱལ་ཁབ་གཉིས་ཀྱི་ནུས་སྟོབས་གོང་མཐོར་གཏོང་ཐབས་གཅིག་པུར་མ་ཡིན་པར། གོ་ལའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགྱུར་གྲོས་ལ་ནུས་པ་ཆེན་པོ་ཐོན་རྒྱུ་ཡིན་པ་ཚོད་དཔག་བྱེད་བཞིན་འདུག 

ད་ཆར་ཞི་བདེ་རྒྱ་མཚོ་དང་རྒྱ་གར་རྒྱ་མཚོའི་མངའ་ཁུལ་དུ་རྒྱ་ནག་གི་དབང་ཤུགས་ངོམ་བཞིན་ཡོད་པར་བརྟེན། མངའ་ཁུལ་དེ་དག་གི་བརྟན་བརླིང་སྲུང་སྐྱོབ་ཆེད་ཨ་རི་དང་རྒྱ་གར་མཉམ་འབྲེལ་ཐོག་ནས་རྒྱ་ནག་ལ་གདོང་ལེན་བྱེད་ཐབས་བྱེད་བཞིན་ཡོད། ལོ་སྔོན་མ་ཨ་རི་དང་རྒྱ་གར་གཉིས་ཀྱིས་མཉམ་འབྲེལ་གྱི་ཐོག་ནས་རྒྱ་གར་གྱི་མངའ་སྡེ་ཨུག་ཏར་ཁན་ནང་དམག་སྦྱོང་བྱས་ཡོད་པ་དང་། དེ་བཞིན་ད་ཆར་རྒྱལ་ཁབ་བཞིའི་མཉམ་འབྲེལ་མཐུན་ཚོགས་(Quad)ནང་རྒྱ་གར་གྱིས་འགན་རྐང་འཁུར་བྱས་པའི་ཐོག་ནས་རྒྱ་ནག་གི་དབང་ཤུགས་ལ་ཁ་གཏད་གཅོག་བཞིན་ཡོད་འདུག མཉམ་འབྲེལ་ཐོག་ཚོགས་འདུ་དེའི་ནང་ཨ་རི་དང། རྒྱ་གར། ཨུ་སི་ཊོ་ལི་ཡ། ཉི་ཧོང་བཅས་ཡོད་པ་དང་། རྒྱ་ནག་ནས་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གི་བཟོ་གྲྭ་ཕྱིར་འཐེན་བྱེད་བཞིན་པའི་སྐབས་འདིར། རྒྱ་གར་ནི་ནུབ་ཕྱོགས་རྒྱལ་ཁབ་དག་གི་བཟོ་གྲྭ་འཛུགས་ས་གདམ་ཀ་ཡག་ཤོས་ཞིག་ཆགས་ཀྱི་ཡོད་ཅིང་། རྒྱ་གར་ནང་ཁྲོམ་རྭ་དང་ལས་མིའི་མི་འབོར་ཆེན་པོ་ཡོད་པའི་རྐྱེན་གྱིས་ད་ཆར་རྒྱ་གར་ནང་བཟོ་གྲྭ་འཛུགས་མཁན་མང་པོ་ཡོང་བཞིན་ཡོད་འདུག ཨ་རིིའི་རྒྱལ་ས་ཝ་ཤིང་ཊོན་ལ་རྟེན་གཞི་བྱས་པའི་(The brooking Instituation)་ཚོགས་པའི་འགན་འཛིན་ཊ་ནོ་ཝོ་མ་སྡོ་ནེ་(Tanvi Madan)ཡིས་བརྗོད་དོན་ལ་རྒྱ་གར་གྱིས་མངོན་གསལ་དོད་པོའི་ཐོག་ནས་རྗོད་ཀྱི་མེད་ཀྱང། ད་ཆར་རྒྱ་གར་གྱིས་རྒྱ་ནག་དང་ལྷན་དུ་འབྲེལ་འདྲིས་བྱེད་ཆེད་ཨ་རི་དགོས་མཁོ་ཆེན་པོ་ཆགས་ཀྱི་ཡོད་པར་བརྗོད་འདུག དེ་བཞིན་ཨ་རིའི་ནང་ཡོད་པའི་ལྷོ་ཤར་ཨི་ཤི་ཡའི་ཉམས་ཞིབ་ཚོགས་(The South Asia Institute)པའི་འགན་འཛིན་མེ་ཁལ་ཀོ་གེ་ལིམ་(Micgael kugelman)བརྗོད་དོན་ལ། ད་ཆར་ནུབ་ཕྱོགས་རྒྱལ་ཁབ་དག་གིས་རྒྱ་གར་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་ཡིན་པར་རྟོགས་བཞིན་ཡོད་པ་དང་། ལོ་མང་རིང་རྒྱ་གར་གྱི་ཁུལ་དེ་དག་གི་ནང་སྲུང་སྐྱོབ་བྱས་ཡོད་ཅེས་བརྗོད་འདུག ཐེངས་འདིའི་གཟིགས་སྐོར་སྐབས་ཁུལ་དེ་དག་གི་བརྟན་བརླིང་སྲུང་སྐྱོབ་སྐོར་གྲོས་བསྡུར་བྱེད་རྒྱུ་ཡིན་འདུག 

དེ་བཞིན་ཨུ་རུ་སུས་ཡུག་རེན་ནང་དམག་འཁྲུག་རྒྱག་བཞིན་ཡོད་ཀྱང། རྒྱ་གར་གྱིས་མངོན་གསལ་དོད་པོའི་ཐོག་ནས་ཨུ་རུ་སུ་ལ་སྐྱོན་བརྗོད་བྱེད་ཀྱི་མེད། རྒྱུ་མཚན་ནི་རྒྱ་གར་གྱིས་བདེ་སྲུང་ཆེད་མཚོན་ཆའི་རིགས་བརྒྱ་ཆ་༥༠ མ་ཟིན་ཙམ་ཨུ་རུ་སུ་ནས་ནང་འདྲེན་བྱེད་ཀྱི་ཡོད་པ་དང། ནུས་ཤུགས་ཐོན་ཁུངས་སྣུམ་ཡང་ཕོན་ཆེན་ཨུ་རུ་སུ་ནས་ཉོ་ཡི་ཡོད། འོན་ཀྱང། ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་དག་གིས་རྒྱ་གར་གྱིས་ཨུ་རུ་སུ་ལ་སྐྱོན་བརྗོད་བྱེད་འཇུག་ཐབས་བྱེད་བཞིན་ཡོད་ཀྱང་། རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ནི་ཕྱོགས་གཏོགས་སྤངས་པའི་རྒྱལ་ཁབ་བམ་(non-alignment) ཡིན་པར་བརྟེན། རྒྱ་གར་རང་གི་མངོན་འདོད་གཙིགས་སུ་བཟུང་ནས་ཨུ་རུ་སུ་ལ་མངོན་གསལ་དོད་པོས་སྐྱོན་བརྗོད་བྱེད་ཀྱི་མེད། 

ཐེངས་འདིའི་འགོ་ཁྲིད་གཉིས་མཇལ་འཛོམས་སྐབས་གཙོ་བོ་ཚོང་དོན་དང་བདེ་སྲུང། འཕྲུལ་རིགས། འཕྲོད་བསྟེན། ཚན་རིག ཤེས་ཡོན་སོགས་ཀྱི་གོ་བསྡུར་བྱེད་རྒྱུ་ཡིན་འདུག རྒྱ་གར་གྱི་སྲིད་བློན་མོ་དྷིས་མ་ཕེབས་སྔོན་དུ་ཨ་རིའི་གྲོས་ཚོགས་འཐུས་མི་༧༠ ཙམ་གྱིས་ཨ་རིའི་སྲིད་འཛིན་རྗོ་བྷ་ཌན་ལ་འཕྲིན་ཡིག་གཅིག་ཕུལ་ཡོད་པ་དང། འཕྲིན་ཡིག་དེའི་ནང་གཙོ་བོ་རྒྱ་གར་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། གསར་འགོད་རང་དབང། ཆོས་ལུགས་ཀྱི་རང་དབང་སོགས་ཀྱི་སྐོར་ཞུ་གཏུགས་བྱེད་ཆེད་ཡིན་འདུག སྤྱིར་ཡོངས་གྲགས་སུ་རྗོད་བཞིན་པ་ནི་སྲིད་བློན་མོ་དྷིས་སྲིད་བློན་ཆགས་པ་ནས་རྒྱ་གར་ནང་གི་གསར་འགོད་རང་དབང་དང། ཆོས་ལུགས་རང་དབང། ཁ་ཆེའི་ཆོས་ལུགས་ལ་སྡང་ཟུག་ཆེ་རུ་ཕྱིན་ཡོད་པ་ཡང་རྗོད་ཀྱི་ཡོད། 

གསར་འགོད་པ། བསོད་ནམས་ཕུན་ཚོགས།