འབར་མའི་དམག་མིའི་སྲིད་གཞུང་ལ་ཁ་གཏད་གཅོག་མཁན་དག་གིས་མྱོང་བཞིན་པའི་དཀའ་སྡུག

ལྷོོ་ཤར་ཨི་ཤི་ཡའི་འབར་མའི་རྒྱལ་ཁབ་ནང་འདས་པའི་ལོ་མང་རིང་ནས་དམག་དཔུང་གིས་གཞུང་གི་སྲིད་དབང་ལ་ཐེ་བྱུས་བྱེད་ཀྱི་ཡོད་པར་བརྟེན། ཕྱི་ལོ་༢༠༢༡ ལོར་འབར་མའི་དམངས་གཙོ་དོན་གཉེར་བ་ལྕམ་ཨང་སན་སུ་ཅི་རྒྱལ་ཡོངས་འོས་བསྡུའི་ཁྲོད་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ཀྱང། འོས་བསྡུ་དྲང་པོ་བྱས་མེད་ཚུལ་དང་། ལྐོག་དངུལ་བླངས་ཡོད་ཚུལ་སོགས་ཀྱི་ནག་ཉེས་བཙུགས་ནས་མི་ལོ་༣༣ རིང་བཙོན་བཅུག་ཁྲིམས་ཆད་འཁུར་བཞིན་ཡོད། ཁོང་མོའི་རྒྱབ་སྐྱོར་བ་དང་དམག་མིའི་སྲིད་གཞུང་ལ་ཁ་གཏོད་གཅོག་མཁན་འབར་མའི་མི་སེར་མང་པོ་བཙོན་འཇུག་བྱས་ནས་ད་ཆར་ཀླ་ཀློའི་སྤྱོད་ཚུལ་ལྟ་བུའི་དམག་མིའི་འོག་ཏུ་སྡུག་སྦྱོང་མནར་གཅོད་ཚད་མེད་མྱོང་བཞིན་ཡོད་འདུག
ཕྱི་ཚེས་༢༥ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་ཚུལ་ལྟར་ན། རང་ལོ་༢༡ ཡིན་པའི་མིང་ལ་ཕེར་ཝན་ཧན(Phyo Wai Hiaing) ཟེར་བའི་འབར་མའི་ན་གཞོན་ཞིག་བདུན་ཕྲག་དུ་མའི་རིང་བོར་བརླག་སོང་ཡོད་པ་དང། ཕྱིས་སུ་འབར་མའི་དམག་མིས་འཛིན་བཟུང་བྱས་ཡོད་པ་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་ཡོད་འདུག ཕྱི་ལོ་༢༠༢༡ ལོར་འབར་མའི་དམག་དཔུང་གིས་ཁོང་ཚོ་ན་གཞོན་༢༩ བསྡེབས་གཅིག་ཏུ་འཛིན་བཟུང་བྱས་ཡོད་འདུག་པ་དང་། ཁོང་ཚོ་ལ་ནག་ཉེས་བཙུགས་དོན་ལ་ཁོང་ཚོས་འབར་མའི་དམག་དཔུང་ལ་དྲག་སྤྱོད་སྤེལ་རྒྱུའི་འཆར་གཞི་ཡོད་ཚུལ་དང། འབར་རྫས་སོགས་བཟོས་ནས་གཏོར་རྒོལ་གཏོང་འདོད་ཡོད་པ། དེ་བཞིན་འབར་མའི་དམག་དཔུང་ལ་ངོ་རྒོལ་བྱེད་མཁན་དག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཚུལ་སོགས་ཀྱི་ཉེས་འཛུགས་བྱས་ཡོད་འདུག

དེ་བཞིན་ན་གཞོན་རང་ལོ་༡༩ ཅན་སི་ཐོ་ཨག་(Si Thu Aung )ཟེར་བ་ཞིག་སྐབས་དེ་དུས་འཛིན་བཟུང་བྱས་ཡོད་པ་དང། ཁོང་ནི་འཛུགས་སྐྲུན་རིག་པའི་སློབ་མ་ཞིག་ཡིན་འདུག ཉེན་རྟོག་པས་བུ་དེ་འཛིན་བཟུང་བྱས་པ་མི་ཞིག་གིས་མཐོང་ནས་ཁོང་གི་ཨ་མར་བརྗོད་ཡོད་འདུག ཐོག་མར་ན་གཞོན་དེ་གཉིས་འབར་མའི་ངལ་རྩོལ་བསྒྱུར་བཀོད་ནང་བཏང་ཡོད་པ་དང། བཙོན་ཁང་དེ་ཧ་ཅང་གིས་མནར་གནོད་དང་རྡུང་རྡེག་བྱེད་སའི་བཤས་རྭ་ལྟ་བུ་ཞིག་ཡིན་འདུག དེ་རྗེས་ཁོང་གཉིས་ཀ་(Insein Prison)ཟེར་བའི་བཙོན་ཁང་ཞིག་ནང་མི་ལོ་བདུན་གྱི་རིང་བཙོན་འཇུག་བྱེད་རྒྱུའི་ཁྲིམས་ཆད་ཕོག་ཡོད་པར་བརྟེན། གཉའ་གནོན་དང་སྡུག་རྩུབ་ཆེ་བའི་དམྱལ་བ་ལྟ་བུའི་བཙོན་ཁང་དེའི་མིང་གོ་བ་དང་མི་རྣམས་རང་བཞིན་གྱིས་འཇིགས་སྣང་སྐྱེ་གི་ཡོད་འདུག ཉེ་ཆར་འབར་མའི་Insein Prison བཙོན་ཁང་དེའི་ནང་སྡུག་སྦྱོང་མནར་གཅོད་མྱངས་མྱོང་མཁན་འབར་མའི་སྒྱུ་རྩལ་བ་Maung Pho)ཞིག་གིས་བཙོན་ཁང་དེའི་རྣམ་པ་ཆ་ཚང་རི་མོ་བྲིས་ཡོད་པ་དང་། ཉེ་ཆར་རི་མོ་དེ་དག་ཐེ་ལན་ཌིན་ནང་དུ་འགྲེམས་སྟོན་བྱས་ཡོད་འདུག བཙོན་ཁང་དེ་ཕྱི་ལོ༡༨༧༧ ལོར་དབྱིན་ཇི་ཡིས་བཟོས་ཡོད་པ་དང་འབར་མའི་ནང་གི་བཙོན་ཁང་ཆེ་ཤོས་ཤིག་ཡིན་འདུག འབར་མའི་ནང་ཆབ་སྲིད་བཙོན་པ་ཚང་མ་ཁྲིམས་ཐག་མ་བཅད་སྔོན་དུ་བཙོན་ཁང་དེར་འགྲོ་དགོས་ཡོད་འདུག བཙོན་པ་མང་པོ་ཞིག་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་པའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་ནས་ཕྱིར་ལོག་ཐུབ་མཁན་ཉུང་ཉུང་ཡིན་འདུག

སི་ཐོ་ཨག་(Si Thu Aung)གི་ཨ་མས་བརྗོད་དོན་ལ་ད་ཆར་ངའི་ཁྱིམ་ཚང་ལ་ལྟ་གཏོགས་བྱེད་མཁན་སུ་ཡང་མེད་། ངའི་ཁྱོ་ག་ནི་ཉལ་སར་ལྷུང་བའི་ནད་པ་ཞིག་ཡིན་པ་དང། ད་དུང་ང་ལ་བུ་ཆུང་བ་ཞིག་ལྟ་རྒྱུ་ཡོད་ཅེས་བརྗོད་འདུག ཁྱིམ་ཚང་དེ་གཉིས་ཀྱི་བུ་གཉིས་ནི་འཛམ་གླིང་ནང་ཆེས་ཀླ་ཀློའི་སྤྱོད་ཚུལ་ལྟ་བུའི་སྡུག་རྩུབ་ཆེ་ཤོས་གྲས་ཀྱི་བཙོན་ཁང་ཞིག་ནང་འཛུལ་བ་ནས་བཟུང་། ཁྱིམ་ཚང་གཉིས་ཀྱིས་དཀའ་སྡུག་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་འབྱུང་བཞིན་ཡོད་འདུག སི་ཐོ་ཨན་ལྟ་བུར་མཚོན་ན། ཁོང་འཛིན་བཟུང་བྱས་ནས་བདུན་ཕྲག་གསུམ་གྱི་རྗེས་སུ་ཁོང་གི་ཨ་མར་བཙོན་ཁང་ནས་ཁ་པར་སླེབས་ནས་བརྗོད་དོན་ལ། ཁྱོད་ཀྱི་བུ་བཙོན་ཁང་ནང་ཡོད་པས་ཁོང་ལ་ཁ་ལག་དང་དངུལ་སྐུར་ཤོག་མ་གཏོགས། ཁྱོད་ཀྱི་བུའི་འཕྲོད་བསྟེན་སྐྱོ་བོ་གྱུར་ནས་ཉེན་ཁ་ཆེན་པོ་འདུག་ཅེས་བརྗོད་པར་བརྟེན། ཨ་མས་ཟླ་རེར་འབར་མའི་སྒོར་མོ་༡༤༠༠༠༠ རེ་སྐུར་གྱི་ཡོད་འདུག ཨ་མས་སྲང་ལམ་ཁྲོད་ཟས་རིགས་བཙོངས་ནས་ཟླ་རེར་ཡོང་འབབ་ལས་སུམ་ཆ་གཉིས་བུ་ལ་བསྐུར་དགོས་འབྱུང་བཞིན་ཡོད་འདུག
ཕེ་ཝན་(Phyo Wai Hiaing)ལྟ་བུར་མཚོན་ན་ཁྲིམས་ཐག་མ་བཅད་བར་ཟླ་བ་གསུམ་འགོར་ཡོད་འདུག ཟླ་བ་གསུམ་གྱི་རིང་དུ་བུས་ངལ་རྩོལ་བསྒྱུར་བཀོད་རྭ་བའི་ནང་ཧ་ཅང་གིས་ཚད་ལས་འདས་པའི་སྡུག་སྦྱོང་མྱོང་ཡོད་འདུག་ལ། ཐོག་མར་བུ་དེ་འབར་མར་ཡོད་པའི་རྒྱལ་སྤྱིའི་གནམ་ཐང་ཞིག་གི་འགྲམ་ནས་འཛིན་བཟུང་བྱས་ཏེ་རྡུང་རྡེག་ཚད་མེད་བཏང་བ་དང། རྐང་པར་མེ་མདའ་བརྒྱབས་ནས་འགྲོ་མི་ཐུབ་པ་བཟོས་ཡོད་འདུག དེ་བཞིན་མགོ་གྱང་ལ་ཐེངས་མང་བརྡབས་པའི་རྐྱེན་གྱིས་དྲན་ཤེས་བརླགས་ཡོད་འདུག་ལ་། རྡུང་རྡེག་ཚད་མེད་བཏང་ཡོད་པའི་རྐྱེན་གྱིས་ལུས་ཡོངས་རྫོགས་སྐྲངས་པ་དང་རྐང་ལག་གི་ཚིག་རྣམས་བུད་ཡོད་འདུག ཁོང་གི་ཕས་ཁྱིམ་གྱི་རྒྱན་ཆ་ཡོད་ཚད་བཙོངས་ནས་བུ་ལ་འགྲོ་སོང་གཏོང་བཞིན་ཡོད་འདུག་ལ། ན་གཞོན་གཉིས་ཀྱི་ཁྲིམས་རྩོད་པར་དངུལ་སྤྲོད་རྒྱུ་མེད་ནས་ཁྲིམས་རྩོད་པ་གླ་རྒྱུ་དཀའ་ངལ་འཕྲད་བཞིན་ཡོད་འདུག

སི་ཐོ་ཨག་གི་ཨ་མས་བརྗོད་དོན་ལ་ངའི་བུ་བཙོན་ལ་བཅུག་པ་ནས་ངའི་ཁྱིམ་ལ་ཧ་ཅང་དཀའ་ངལ་འཕྲད་བཞིན་ཡོད་ལ། ངའི་བུ་ནི་ཤེས་ཡོན་སློབ་སྦྱོང་ཧ་ཅང་ཡག་པོ་ཡོད། མཐོ་སློབ་འཛུལ་ཞུགས་ཀྱི་ཆེད་ཡིག་རྒྱུགས་གཏོང་སྐབས་ཡིག་རྒྱུགས་ཁྲོད་ཁོང་གིས་ཨང་དང་པོ་ལེན་མྱོང་ཡོད། ངས་ཁོང་ལ་མ་འོངས་པར་རེ་བ་ཆེན་པོ་རྒྱག་བཞིན་ཡོད། ཁོང་ང་འདྲ་བའི་འཚོ་བ་སྐྱོ་བོ་དང་དཀའ་སྡུག་གི་ཁྲོད་མི་ཚེ་སྐྱེལ་བཅུག་འདོད་མེད་ཅེས་བརྗོད་འདུག
ཕེ་ཝན་མཚོན་ན་ཁོང་ལ་གཅུང་པོ་རང་ལོ་བརྒྱད་ཅན་ཞིག་ཡོད་པ་དང། ཕེ་ཝན་གྱིས་རང་གི་གཅུང་པོར་བརྗོད་དོན་ལ་ངའི་མི་ཚེ་ནི་འདི་ལྟར་དམག་མིའི་སྲིད་གཞུང་ལ་ངོ་རྒོལ་མུ་མཐུད་བྱས་ནས་རྫོགས་རྒྱུ་ཡིན་པས། ཁྱེད་ཀྱིས་ནམ་ཡང་ཆབ་སྲིད་ཀྱི་རྩོད་རྙོག་ཁྲོད་མ་ཚུད་པ་བྱོས། གལ་སྲིད་ཐེངས་གཅིག་ཚུད་ཟིན་ན་ཕྱིར་ཐོན་ཐུབ་རྒྱུ་ཁག་པོ་རེད་ཅེས་བརྗོད་ཡོད་འདུག འབར་མའི་(Insein Prison)ཟེར་བ་འཇིགས་སུ་རུང་བའི་བཙོན་ཁང་དེའི་ནང་དཀའ་སྡུག་མྱངས་མྱོང་མཁན་ལི་ལི་ཧི་ཌ་(Lin Lin Htet)ཟེར་བའི་བཙོན་ཟུར་ཞིག་གིས་བརྗོད་དོན་ལ་ཁོ་ཚོའི་བཙོན་ཁང་ནང་མི་༡༥༠ ལས་ཤོང་གི་མེད་ཀྱང་བཙོན་པ་༤༧༤ བཅུག་ཡོད་སྟབས། བཙོན་པ་ཚོ་འཚང་ཁ་ཆེན་པོ་བྱས་ནས་སྡོད་དགོས་ཀྱི་ཡོད་པ་དང། བཙོན་ཁང་དེའི་ནང་བཙོན་སྲུང་བ་ཚོ་ཧ་ཅང་གིས་སྡུག་རྩུབ་ཆེ་ཞིང། ཐབས་སྣ་ཚོགས་ཀྱི་ཐོག་ནས་མནར་གཅོད་གཏོང་གི་ཡོད་པར་བརྗོད་འདུག བཙོན་ཁང་དེའི་ནང་སླེབས་རྗེས་ཕྱིར་ལོག་ཐུབ་མཁན་ཉུང་ཉུང་ཡིན་འདུག


གསར་འགོད་པ། བསོད་ནམས་ཕུན་ཚོགས།