གཞོན་སྐྱེས་ཚོགས་ཆེན་མཇུག་བསྡོམས་དང་གཞོན་སྐྱེས་ཚོགས་བཅར་བ་ཁག་ཅིག་གི་བསམ་ཚུལ།
ཟླ་འདིའི་ཚེས་༢༠ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག བཞུགས་སྒར་རྡ་སའི་ཉེ་འདབས་སུ་ཡོད་པའི་ཌི་པོ་ལོ་གསོལ་མགྲོན་ཁང་དུ་ཉིན་གསུམ་རིང་ཚོགས་པའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་གྱི་མཇུག་སྡོམས་མཛད་སྒོ་ཚོགས་གནང་སོང་།

སྐབས་དེར་མཛད་སྒོའི་ཐོག་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་རྣམ་པ་གཉིས་གཙོས་པའི་འཛམ་གླིང་ས་ཕྱོགས་མང་པོ་ཞིག་ནས་གཏམ་བཤད་གནང་མཁན་དང་གཞོན་སྐྱེས་ཚོགས་བཅར་བ་མང་པོ་ཞིག་ཕེབས་འདུག
ཐེངས་འདིའི་མཇུག་བསྡོམས་མཛད་སྒོའི་ཐོག་ཚོགས་བཅར་བའི་སྐུ་ཚབ་ལྷ་རོང་ལགས་ཀྱིས་ཐེངས་འདིའི་ཚོགས་ཆེན་གྱི་བསྒྲགས་གཏམ་ཤོག་ངོས་གཉིས་ཅན་ཞིག་སྙན་སྒྲོན་ཞུས་པའི་ནང་།
”འཛམ་གླིང་འདིའི་ནང་བཙན་གནོན་དང་གདུག་རྩུབ་ཆེ་ཤོས་ཡིན་པའི་རྒྱ་ནག་གཞུང་གི་སྲིད་ཇུས་རྒོལ་གཏོར་ཆེད། རང་དབང་ལ་དགའ་བའི་རྒྱ་ཆེའི་མི་མང་ང་ཚོའི་མཉམ་དུ་ལངས་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་དང་ང་ཚོ་ནི་བོད་ཀྱི་མེས་པོ་གོང་མ་རྣམས་ཀྱི་རྒྱུན་འཛིན་པ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་རིག་གཞུང་དང་ཤུལ་བཞག་སྲུང་སྐྱོབ། འབྱུང་གྱུར་བོད་དང་བོད་མིའི་འཕྲལ་ཕུགས་ཀྱི་བདེ་དོན་ལ་སྔར་ལས་ལྷག་པའི་སྒོ་ནས་འཐབ་རྩོད་འགྱུར་བ་མེད་པ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་”སོགས་ཀྱི་གནད་དོན་ཁག་ཅིག་བཀོད་འདུག
དེ་བཞིན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་གཞོན་སྐྱེས་ཚོགས་འདུའི་དམིགས་ཡུལ་དང་དགོས་མཁོའི་སྐོར་གསུངས་དོན། རྒྱ་ཆེ་ས་ནས་བོད་པའི་གཞོན་སྐྱེས་ཚོ་ལ་སྤྱི་ཡོངས་ནས་ནུས་སྟོབས་གོང་འཕེལ་གཏང་ཡ་གལ་གནད་དུ་བརྩིས་ཏེ་སྡིངས་ཆ་བསྐྲུན་ཡ་དང་གོ་སྐབས་འབུལ་རྒྱུ། དམིགས་སུ་བཀལ་ཏེ་བོད་དོན་ཞུ་གཏུག་ལས་འགུལ་གྱི་སྡིངས་ཆ་འདིའི་ཐོག་ནས་ལས་འགུལ་བ་མང་པོ་ཞིག་གིས་སོ་སོའི་འགན་འཁུར་དང་མཉམ་ཞུགས། སྣེ་ཁྲིད་དེ་འདྲ་གནང་བའི་ཐོག་ནས་བོད་རྩ་དོན་དེ་ནུས་པ་ལྡན་པ་དང་རྒྱུན་སྐྱོང་ཡོང་ཐུབ་པ་གང་འདྲ་ཆགས་ཐུབ་ས་རེད། ཕུགས་རྒྱང་གི་སྲ་བརྟན་དེ་ག་འདྲ་ཡོང་ཐུབ་ས་རེད། དེ་ཚོ་ང་ཚོའི་དམིགས་ཡུལ་གལ་ཆེན་པོ་ཞིག་བརྩི་གི་ཡོད་སྐོར་སོགས་གསུངས་སོང་།
བོད་མི་མང་གི་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས་གཞོན་སྐྱེས་ཀྱི་ནུས་པ་དང་། མ་འོངས་པའི་འགན་ཁུར། གཞོན་སྐྱེས་ནང་ཁུལ་དུ་འབྲེལ་བ་ཐུབ་པ་དང་ལེགས་ཆ་སྤེལ་རེས་བྱེད་དགོས་པ། དེ་བཞིན་རྒྱལ་ཁབ་སོ་སོས་བོད་ལ་འཛིན་པའི་སྲིད་ཇུས་དེ་ག་རེ་ཡིན་མིན་སྐོར་ཤེས་དགོས་ཚུལ། འགོ་ཁྲིད་སྐྱེད་སྲིང་བྱེད་སྟངས་སོགས་དང་། བོད་མི་རིགས་ཀྱི་འཐབ་རྩོད་དེ་མ་བརྗེད་པ་བྱེད་དགོས་སྐོར་སོགས་གཏམ་བཤད་གནང་སོང་།
དེ་རྗེས་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མཇུག་བསྡོམས་ཀྱི་མཛད་སྒོ་གྲུབ་སོང་།
གཞན་ཡང་གསར་འགོད་པས་ཚོགས་བཅར་བ་ཁག་ཅིག་ལ་ཐེངས་འདིའི་ཚོགས་ཆེན་ནང་མཉམ་ཞུགས་བྱས་པའི་མྱོང་ཚོར་དང་མ་འོངས་པར་ཡར་རྒྱས་ག་རེ་གཏོང་དགོས་མིན་སོགས་ཀྱི་ཐད་ལ་བཅར་འདྲི་ཞུ་སྐབས། ཁེ་ན་ཌ་ནས་ཕེབས་པའི་འཆི་མེད་ལྷ་མོ་ལགས་ཀྱིས། ཐེངས་འདིའི་ཚོགས་ཆེན་ལ་མཉམ་ཞུགས་བྱེད་དགོས་དོན་གཙོ་བོ་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྣེ་ཁྲིད་པའི་ལས་དོན་ཁག་ལ་རྒྱབ་སྐྱོར་མཚོན་ཆེད་དང་། འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་བོད་པའི་གཞོན་སྐྱེས་ཚོ་དང་འབྲེལ་བ་ཟབ་མོ་ཞིག་ཡོང་ཆེད་ཚོགས་ཆེན་དུ་བཅར་བ་ཡིན་རབས་དང་། ཚོགས་ཆེན་ཐོག་བོད་མིའི་གཞོན་སྐྱེས་འགོ་ཁྲིད་མང་དག་ཅིག་དང་མཇལ་འཕྲད་བྱུང་བ་ཧ་ཅང་དགའ་པོ་བྱུང་སོང་ཞེས་བརྗོད་སོང་། གཞན་ཡང་ཨ་རི་ནས་ཕེབས་པའི་བསྟན་འཛིན་ཚེ་སྒྲུབ་བློ་གྲོས་ཀྱིས་གཞོན་སྐྱེས་མང་ཆེ་བ་ཞིག་ཕྱི་རྒྱལ་ནས་ཡོང་བ་དང་མ་འོངས་པར་རྒྱ་གར་དུ་ཡང་ཡང་བསླེབ་རྒྱུ་ཁག་པོ་ཡིན་པར་བརྟེན། སྐབས་རྗེས་མའི་གཞོན་སྐྱེས་ཚོགས་བཅར་བ་ཚོ་ལ་༧གོང་ས་མཆོག་མཇལ་རྒྱུའི་གོ་སྐབས་དང་མཛད་རིམ་ཞིག་བསྒྲིག་ཐུབ་ན་ཧ་ཅང་ཡག་པོ་ཡོད་ས་རེད་ཅེས་དང་། རྒྱ་གར་ལྷོ་ཕྱོགས་བྷེང་ལོ་ནས་ཡོང་བའི་རིན་ཆེན་ལགས་ཀྱིས་མ་འོངས་གཞོན་སྐྱེས་ཚོགས་ཆེན་ཐོག་གཞོན་སྐྱེས་མང་ཙམ་མཉམ་ཞུགས་ཐུབ་ན་ཡག་པོ་ཡོད་པའི་བསམ་ཚུལ་བཤད་སོང་།
དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཕེབས་པའི་ཐར་ཆེན་ལགས་ཀྱིས་ཚོགས་བཅར་བ་མང་དག་ཅིག་ལ་རྒྱ་ནག་གི་ཐོག་ལ་གོ་རྟོགས་ཞན་པོ་མཐོང་ཡོད་ཚུལ་དང་མ་འོངས་པ་རྒྱ་ནག་གི་ཐོག་ལ་བགྲོ་གླེང་དང་གྲོས་བསྡུར་མང་ཙམ་བྱས་ཐུབ་ན་ལེགས་ཚུལ་གྱི་བསམ་འཆར་དང་། ཨ་རི་ནས་ཕེབས་པའི་ཚོགས་བཅར་བ་བསོད་ནམས་སྒྲོལ་མས་མ་འོངས་པ་ཚོགས་ཆེན་ཐོག་གྲོས་གཞི་དེ་ཚོ་ཁ་གསལ་བོ་བྱུང་ན་ཡག་པོ་ཡོད་པའི་བསམ་ཚུལ་བཤད་སོང། ཨོ་སི་ཊི་ལི་ཡ་ནས་ཕེབས་པའི་བསྐལ་བཟང་སྒྲོལ་དཀར་གྱིས་ཁོང་ཉིད་གཞོན་སྐྱེས་ཚོགས་ཆེན་ལ་ཕེབས་པ་ཐོག་མ་དེ་ཡིན་རབས་དང་། གཏམ་བཤད་པའི་དུས་ཡུན་དང་ཉིན་ཞིག་གི་ལས་རིམ་དག་གི་དུས་ཡུན་རིང་དྲགས་པའི་ཚོར་སྣང་བྱུང་སོང་བས་མ་འོངས་པ་ཚོགས་བཅར་བ་ཚོ་ལ་རང་མོས་ཀྱི་བགྲོ་གླེང་དང་གྲོས་བསྡུར་བྱ་རྒྱུའི་གོ་སྐབས་མང་ཙམ་སྤྲད་ཐུབ་ན་ལེགས་ཚུལ་གྱི་བསམ་འཆར་ཡང་བཤད་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།