ངོས་རང་ལོ་བརྒྱ་དང་བཅུ་གྲངས་བསྡད་ཐུབ་པ་ཞིག་རེད།

པར་ཡོང་ཁུངས་དགའ་ལྡན་ཕོ་བྲང་དྲྭ་བ།
དེ་རིང་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཙོས་པའི་ལ་དྭགས་སུ་གནས་སྡོད་བོད་མི་དང་དད་ལྡན་ཡོངས་ཀྱིས་༧གོང་ས་མཆོག་གི་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པའི་སླད་དུ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་མགོན་པོ་གང་གིས་ཀྱང་ཟབ་རྒྱས་བཀའ་སློབ་བསྩལ།
ཟླ་འདིའི་ཚེས་༢༡ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་རྒྱལ་སྲས་ལག་ལེན་གྱི་གསུང་ཆོས་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་མགོན་པོ་གང་གིས་ཆོས་ལུགས་ཚང་མས་གཅིག་གིས་གཅིག་ལ་གུས་ཞབས་དང་ཐུགས་མཐུན་པོས་གཞན་ཕན་སྒྲུབ་དགོས་པ་དང་། དེ་མིན་བགྲོ་གླེང་གོ་བསྡུར་གྱིས་དུས་ནས་དུས་སུ་ཕན་ཚུན་ལེགས་ཆ་ལེན་རེས་བྱེད་རྒྱུ་སོགས་ཀྱི་སྐོར་བཀའ་སློབ་བསྩལ་ཡོད་པ་དང་། གཞན་ཡང་བྱང་ཆུབ་གྱི་སེམས་ཉམས་སུ་ལེན་སྟངས་དང་དེའི་ཕན་ཡོན། མི་ཚང་མ་གཅིག་མཚུངས་ཀྱི་འདུ་ཤེས་ཀྱིས་ཕན་ཚུན་ལ་གུས་བརྩི་བྱས་ན་འཛམ་གླིང་ཞི་བདེ་ཡོང་ཚུལ་སོགས་གསུངས་རྗེས། རྒྱལ་སྲས་ལག་ལེན་གྱི་བཤད་ལུང་ཆ་ཚང་བསྩལ་གནང་ཡོད་པ་རེད།
དེ་བཞིན་༢༠༢༣ ཟླ་ ༧ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ནང་ཚོགས་དང་དགོན་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཞི་བའི་ཚལ་དུ་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་བྱ་རྒྱུད་ལུགས་ཀྱི་བཀའ་དབང་བཀའ་དྲིན་བསྩལ་ཡོད་པ་དང་། དུས་དེར་མགོན་པོ་གང་གིས་ལ་དྭགས་མི་མང་གི་དད་པ་དམ་ཚིག་གཡོ་བ་མེད་ཚུལ་དང་སྤྱན་རས་གཟིགས་སྙིང་རྗེའི་ལྷ་མཆོག་ཐུན་མིན་ཞིག་ཡིན་པ་དང་། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་ནས་བཟུང་སྐུ་གོང་མ་རིམ་བྱོན་རྣམས་སྤྱན་རས་གཟིགས་དངོས་ལྟ་བུ་ཡིན་ཡང་ཁོང་གིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་མཐིལ་དུ་གནང་གི་ཡོད་སྐོར། དེ་བཞིན་བོད་དང་ཧི་མ་ལ་ཡའི་ཕྱོགས་དང་སྤྱན་རས་གཟིགས་ཀྱི་འབྲེལ་བ་སོགས་གསུངས་ཏེ་ཐུགས་རྗེ་ཆེན་པོའི་དབང་སྒྲུབ་ཞག་མཛད་པ་དང་། དབང་མ་ཞུས་སྔོན་དུ་ཚེ་འདིའི་ལྟོ་གོས་གཏམ་གསུམ་གྱི་ཆེད་དུ་དབང་ཞུས་པ་མིན་པར་སེམས་རྒྱུད་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་འཇུག་པའི་ཐོག་ནས་སེམས་རྒྱུད་བཟང་པོ་ཞིག་གི་མི་ཚེ་བསྐྱལ་ན་ཚེ་རབས་སུ་སྤྱན་རས་གཟིགས་ཀྱིས་རྗེས་སུ་འཛིན་པ་དང་། བདེ་ཞིང་སྐྱིད་པ་ཞིག་ཡོང་གི་ཡོད་པས་ཀུན་སློང་ཡང་དེ་ལྟར་དགོས་པ་སོགས་གསུངས་ཏེ་དབང་དངོས་གཞི་དབུ་བཙུགས་ཡོད་པ་དང་། དབང་གྲུབ་རྗེས་རིགས་རུས་དབྱེ་འབྱེད་བྱེད་རྒྱུ་མེད་པར་མི་ཚང་མ་འདྲ་མཉམ་དང་སངས་རྒྱས་ཀྱི་གོ་འཕང་སྒྲུབ་མཁན་འདྲ་འདྲ་ཡིན་པའི་འདུ་ཤེས་དགོས་ཚུལ་དང་། ༸རྒྱལ་བ་རིན་པོ་ཆེའི་ས་ནས་དབང་ཞུས་པ་ཡིན། ངས་མ་རབས་ཀྱི་ལས་ཀ་བྱེད་རྒྱུ་ཡོད་པ་མ་རེད། ཅེས་བསམ་བློ་ཐོངས་སོགས་རིན་བྲལ་གྱི་བཀའ་སློབ་བསྩལ་གནང་འདུག ལ་དྭགས་སུ་ཆར་པ་ཤུགས་ཆེན་བབས་པའི་རྐྱེན་གྱིས་ཕྱི་ཚེས་༢༢ ཉིན་གྱི་གསུང་ཆོས་ཕར་འགྱང་བྱེད་དགོས་བྱུང་འདུག

ཚེས་༢༤ ཉིན་གནམ་གཤིས་ཡག་པོ་ཡོད་འདུག་པ་དང་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཙོས་པའི་ལ་དྭགས་སུ་གནས་སྡོད་བོད་མི་དང་དད་ལྡན་སེར་སྐྱ་ཡོངས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་། མཛད་འཕྲིན་ཕྱོགས་ཀུན་ཏུ་ཡར་ངོའི་ཟླ་ལྟར་རྒྱས་པའི་སླད་དུ་བསྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་མགོན་པོ་གང་གིས་ཁ་སང་ཁ་ཉིན་ཆོས་འབྲེལ་བྱས་ཏེ་བྱེད་སྒོ་རྣམས་ལེགས་གྲུབ་བྱུང་པ་རེད། དེ་རིང་འདིར་ཁྱོད་ཚོས་བརྟན་བཞུགས་ཕུལ་གནང་གི་ཡོད། སློབ་མའི་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཡོད་པས་དེའི་རྟེན་འབྲེལ་གྱི་མཐུ་ལ་བརྟེན་ནས་བླ་མ་ཡང་ཚེ་རིང་པོར་སྡོད་པའི་རྒྱུ་འབྲས་ཀྱི་འབྲེལ་བ་ཆགས་ཡོང་གི་ཡོད། རྨི་ལམ་སོགས་ལ་བལྟས་ཡོང་དུས་ཕལ་ཆེར་ངོས་རང་ལོ་བརྒྱ་དང་བཅུ་གྲངས་བསྡད་ཐུབ་པ་ཞིག་རེད། ཁྱོད་ཚོས་ངོས་ཀྱི་གདོང་ལ་བལྟས་ནས་ལོ་བརྒྱད་ཅུ་གྲངས་སུ་མི་མཐོང་བར་ད་ལྟ་གཞོན་ནུ་ལྟ་བུ་ཞིག་མི་འདུག་གམ། བོད་གངས་ཅན་ལྗོངས་ཀྱི་རྒྱ་ཆེའི་མི་མང་གི་དད་པ་དང་དམ་ཚིག་གཡོ་བ་མེད་པར་བསྡད་ཡོད། ས་གནས་འདི་ལ་མཚོན་ནའང་དད་པ་དང་དམ་ཚིག་གཡོ་བ་མེད་པ་རེད། འཛམ་གླིང་ཤར་ནུབ་ལྷོ་བྱང་དུ་ནང་པ་ཡིན་མིན་ལ་མ་བལྟས་པར་ཏཱ་ལའི་བླ་མ་ཟེར་དུས་དངོས་གནས་དགའ་བོ་བྱེད་མཁན་ཧ་ཅང་མང་པོ་འདུག དེ་ལྟ་བུའི་ཕྱི་ནང་གི་རྟེན་འབྲེལ་འཛོམས་ཡོང་སྐབས་ངོས་རང་ཏན་ཏན་ལོ་བརྒྱ་དང་བཅུ་གྲངས་ཤིག་བསྡད་ཐུབ་ཀྱི་རེད། ཁྱོད་ཚོས་ཀྱང་དད་པ་དང་དམ་ཚིག་གཡོ་བ་མེད་པར་ཡོད་པ་བཞིན་མུ་མཐུད་གནས་པ་ཞིག་དང་། ངོས་རང་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་གིས་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་གཙོ་བོར་བྱས་ཏེ་ཉམས་ལེན་བྱེད་ཀྱི་ཡོད་པས་ཁྱོད་ཚོས་ཀྱང་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བར་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་ཐོངས། ཚེ་རབས་ནས་ཚེ་རབས་སུ་བདེ་ཞིང་སྐྱིད་པ་ཞིག་དང་། མཐར་མངོན་པར་རྫོགས་པར་སངས་རྒྱས་ཐུབ་པ་ཞིག་ཡོང་བ་བརྒྱ་ཆའི་བརྒྱ་ཐམ་པ་ཐག་གིས་ཆོད་པ་རེད། བླ་སློབ་དད་དམ་གཡོ་བ་མེད་པ་ཡིན་པས་བླ་མའི་ཚེ་རིང་པོར་སྡོད་པའི་རྟེན་འབྲེལ་འགྲིག་གི་ཡོད། དེ་རིང་འདིར་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ། ཞེས་དང་། འདིར་ཉིན་ཤས་རིང་ཆོས་འབྲེལ་སོགས་ཀྱི་སྐབས་སུ་ས་གནས་ཀྱི་གཞུང་གི་ལས་བྱེད་པ་ཚོས་ཧུར་ཐག་གིས་བཀའ་དྲིན་ཆེན་པོ་གནང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་མི་མང་ཚོ་ཡིན་ནའང་དད་པ་གཡོ་བ་མེད་པའི་རྣམ་འགྱུར་བསྟན་པ་རེད། ངོས་རང་སེམས་ཤུགས་འཕར་ནས་འབྱུང་འགྱུར་ལོ་མང་པོའི་རིང་འཆར་ཅན་དབྱར་ཀ་ལ་དྭགས་སུ་ཡོང་ཐུབ་པར་བསམ་བློ་གཏོང་གི་ཡིན། ང་ཚོ་ཚང་མ་ཡང་བསྐྱར་ཐུག་ཆོག་གི་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་བཀའ་དྲིན་བསྩལ།
གསར་འགོད་པ་བསྟན་འཛིན་ལམ་བཟང་།