བོད་མི་རིགས་འདི་གར་སྟེགས་ཐོག་གི་འཁྲབ་ཆས་ལ་འགྱུར་བའི་ཉེན་ཁ་དང་དེའི་ཁ་ཕྱོགས།

ཡེ་ཤེས་རྡོ་རྗེ། ༢༠༢༣།༠༧།༢༣

གཞས་དང་ཞབས་བྲོ་ནི་མི་རིགས་ཀྱི་རིག་གནས་གལ་ཆེན་ཞིག་ཡིན་པས། དེ་བདག་སྐྱོང་དང་རྒྱུན་འཛིན་ངེས་པར་དུ་བྱེད་དགོས། དེ་བཞིན་སྲོལ་རྒྱུན་གྱི་རྡོག་བྲོ་དང་ལག་པ་གཡུག་སྟངས་དང་བཅས་པ་ཇི་མ་ཇི་བཞིན་གནས་དགོས་རེད་ཟེར་ན་དོན་དངོས་ཐོག་ཁག་པོ་ཡིན་རྒྱུ་རེད། འོན་ཀྱང་དེང་སང་གླང་ཆེན་སྨྱོན་པ་ཁ་ཤོར་བ་ལྟར་བོད་ཀྱི་སྐྱ་སེར་ཚང་མ་བྲོ་གར་ལ་རོལ་བའི་གློ་བུར་གྱི་འགྱུར་འགྲོས་འདིའི་ཐད་བསམ་བློ་ངེས་པར་དུ་གཏོང་དགོས་ངེས་ཤིག་ཡིན་པར་མཐོང་།  

གནད་དོན་དང་པོ། བྲོ་གླུ་གཞས་གསུམ་གྱི་འབྱུང་འབྲས།

རང་གི་ཚེ་སྲོག་གཤིན་རྗེས་དེད་པའི་མི་རིགས་ཤིག་ལ་མཚོན་ན། སྤྱི་ཚོགས་ཧྲིལ་པོས་བྲོ་གར་ཁོ་ན་འཁྲབ་ནས་བསྡད་ན། བྲོ་གར་དེ་སྤྱི་ཚོགས་དེའི་བཟི་རྫས་སམ་རྒྱ་སྐད་ནང་གཡའ་ཕན 鸦片ཟེར་བའི་ཉལ་ཐ་ལྟར་འགྱུར་རྒྱུའི་ཉེན་ཁ་ཡོང་སྲིད་པ་དེ་ཕར་བལྟས་ན་ཚུར་ཚོར་ཐུབ་པའི་དུས་ལ་སླེབས་ཚར་འདུག་དྲན། སྔར་བོད་ཀྱི་འགོ་ཁྲིད་ཚོ་དགྲ་སྒོ་ཁར་སླེབ་དུས་ཀྱང་གླིང་ཁ་དང་ཤོ་བག་ལ་མགོ་འཁོར་ནས་བསྡད་སྐོར་དེང་སང་མི་རྣམས་ཀྱིས་སྐྱོན་བརྗོད་དང་འཁང་ར་བྱེད་ས་ཞིག་རེད། ད་ལྟ་དེ་ལས་ལྡོག་སྟེ་བོད་མཐོ་སྒང་ཧྲིལ་པོ་བྲོ་གར་གྱི་གར་སྟེགས་ཆེན་པོ་ཞིག་ལ་འགྱུར་བཞིན། བོད་མི་རྣམས་འཁྲབ་སྟོན་གྱི་འཇིག་རྟེན་ཞིག་ནང་བྲོ་གླུ་གཞས་གསུམ་གྱི་ཆང་ངམ་བཟི་རྫས་ཀྱིས་མྱོས་ནས་སྡོད་རྒྱུའི་ཉེན་ཁ་མཐོང་།  

གལ་ཏེ་བྱེད་སྲོལ་འདི་མུ་མཐུད་ནས་ཕྱིན་ན། ཉིན་ཞིག་མྱོས་རྫས་དེ་ལས་དྭངས་པའི་དབང་དུ་བཏང་ཡང་། ད་གཟོད་ང་ཚོ་གོམ་གང་མ་སྤོས་གོང་ནས་ངོ་མི་ཤེས་པའི་ཡུལ་ཞིག་ལ་སླེབས་ཟིན་པ་མཐོང་རྒྱུ་མ་ཟད། རང་ཉིད་ནི་གར་སྟེགས་ཐོག་ལ་བཤམས་པའི་འཁྲབ་ཆས་སྟོང་པ་ཞིག་ཡིན་པ་གཞི་ནས་ཚོར་རྒྱུ་རེད།            

དེའི་རྒྱུ་མཚན་ཅི་རེད་ཟེར་ན། བྲོ་གླུ་རྒྱན་རྩེད་དང་བཟི་རྫས་ཆང་རག་བཅས་ལ་གོམས་ཚེ། མི་རིགས་ཀྱི་ཁོང་ཁྲོ་དེ་ཡི་འོག་ནས་ཞི་འགྲོ་བ་དང་། རྣམ་དཔྱོད་དེ་ཡི་འོག་ནས་འགགས་འགྲོ་བ། ཚོར་བ་དེ་ཡི་འོག་ནས་བརླག་འགྲོ་བ། ནུས་པ་དེ་ཡི་འོག་ཏུ་རུལ་ཏེ། བསྐལ་པ་ཆགས་ནས་སེམས་ཅན་ཀུན་གྱི་རང་རྒྱུད་དུ་འཇགས་པའི་ཉེན་ཁ་འཕྲད་དུས་རང་སྲོག་འཚོ་ཐབས་ཀྱི་ལམ་བུ་གཉིས་ཏེ། བྲོས་འཐབ་གཉིས་པོ་གང་ཡང་མི་ཐུབ་པའི་བེམ་པོ་ལ་འགྱུར་སྲིད།        

གནད་དོན་གཉིས་པ། བོད་མི་རིགས་འདི་གདོད་མའི་མི་རིགས་ཀྱི་རྣམ་པར་བསྒྱུར་བ།

གློ་བུར་གྱི་འགྱུར་འགྲོས་འདིའི་རྒྱབ་ཏུ་ཆབ་སྲིད་ཀྱི་གཡོ་འཁྲུལ་གཞན་ཡང་ཡོད་སྲིད་པའི་དོགས་པ་བྱེད་ཆོག་པ་ཞིག་རེད་སྙམ། ད་སྐབས་བོད་ཀྱི་སྐྱ་སེར་གཉིས་ཀའི་སྤྱི་ཚོགས་ནང་བསླེབས་ཟིན་པའི་འཁྲབ་སྟོན་འདིའི་ནང་། གློ་བུར་དུ་ཡ་མ་ཟུང་གི་འཁྲབ་ཆས་འགའ་ཡང་འགོ་བཙུགས་ཡོད་པ་འདི་ནི་བློ་འཚབ་ཆེན་པོ་བྱེད་ཡུལ་ཞིག་རེད། ཆུང་ས་ནས་བཤད་ན་འཁྲབ་ཆས་ཡ་མ་ཟུང་ཁག་གཅིག་པོ་ཏ་ལའི་ཐང་ཆེན་དུ་རྒྱ་མོ་ཡུལ་སྐོར་མས་པར་རྒྱག་དུས་གྱོན་པའི་བོད་ཆས་རྫུན་མ་དེ་ལྟ་བུ་ཞིག་རེད་ལ། དེ་ལས་ཀྱང་ཉེན་ཁ་ཆེ་བའི་འཁྲབ་ཆས་ཡ་མ་ཟུང་གཞན་དེ་གདོད་མའི་མི་རིགས་ཀྱི་རྣམ་པ་ཅན་གྱི་འཁྲབ་ཆས་ཞིག་རེད། འདི་ཡིས་བོད་ཀྱི་རིག་གནས་ཀྱི་རྣམ་པ་དེ་མིའི་དཔལ་ཡོན་མ་དར་བར་ངོས་འཛིན་བྱེད་སའི་གདོད་མའི་དུས་སྐབས་སུ་ཕྱིར་འབུད་བཏང་ནས། འཛམ་གླིང་འདིའི་ནང་བོད་ཀྱི་ཆབ་སྲིད་ཀྱི་རེ་བའི་ཉི་མ་དེ་མི་རྣམས་ཀྱི་བསམ་པའི་ནུབ་རིའི་རྒྱབ་ཏུ་འཕེན་ཐབས་བྱེད་པ་ཞིག་རེད།

འདིར་ཤེས་དགོས་པ་ཞིག་ནི། མི་སེར་སྤེལ་བའི་དུས་སྐབས་སུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དབང་སྦྱོར་འོག་ཚུད་ཟིན་པའི་གདོད་མའི་མི་རིགས་རྣམས་ནི་ད་ལྟ་ཁོང་ཚོར་སླར་ཡང་རང་གིས་སྐྱོང་བའི་རྒྱལ་ཁབ་ཞིག་ཡོང་རྒྱུའི་རེ་བ་མེད་པ་ཀུན་གྱིས་རྩོད་མེད་ཀྱིས་ངོས་ལེན་བྱས་ཟིན་པ་ཞིག་རེད། བོད་ལ་མཚོན་ན་དུས་རབས་མང་པོའི་གོང་ནས་ང་ཚོ་གདོད་མའི་མི་རིགས་ཀྱི་གནས་བབ་ནས་འཕགས་ཟིན་ཏེ། ང་ཚོར་སྙན་གྲགས་ཆེ་བའི་རྒྱལ་རབས་ལོ་རྒྱུས་ཡོད་པ་དང་། ཡར་ཐོན་ལྡན་པའི་སྐད་ཡིག་ཡོད་པ། ཚད་མཐོར་སླེབས་པའི་རིགས་ལམ་དང་སེམས་ཁམས་ཀྱི་ཚན་རིག་སོགས་ཡོད་པའི་རྒྱལ་ཁབ་ཅིག་རེད། རེད་དེ་ད་ལྟ་དོན་དངོས་སུ་ང་ཚོ་གདོད་མའི་མི་རིགས་ཀྱི་ཁོངས་སུ་གཞན་གྱིས་འདེད་བཞིན་པ་མ་ཚད་རང་གིས་ཀྱང་གོམ་ཁ་དེའི་ཕྱོགས་སུ་བསྒྱུར་ཡོད། དཔེར་ན་བཙན་བྱོལ་བོད་མི་རྣམས་གདོད་མའི་མི་རིགས་ཀྱི་ཚོགས་ཆེན་ནང་ཞུགས་ས་རག་ན་དགའ་བཞིན་སྤྲོ་བཞིན་སྐྱོད་བཞིན་པ་འདི་རེད།      

   གནས་བབ་འདི་འདྲ་ཞིག་གི་སྐབས་སུ། ད་ལྟ་བོད་ནང་འཛམ་གླིང་གིས་ཆེས་རྗེས་ལུས་ཅན་ལ་ངོས་འཛིན་བྱེད་པའི་གདོད་མའི་མི་རིགས་ཀྱི་ངོ་བོ་ལྡན་པའི་ཆས་གོས་གསར་གཏོད་བྱས་ནས་འཁྲབ་སྟོན་བྱེད་འགོ་བཙུགས་ཡོད་པ་འདི་ཡིས། བོད་ཀྱི་ཡབ་མེས་གོང་མ་རྣམས་ཀྱིས་སྲོག་ཀྱང་བློས་བཏང་བྱས་ནས་དུས་རབས་མང་པོར་གསོ་སྐྱོང་བྱས་པའི་རིག་གནས་ཀྱི་ཙན་དན་སྡོང་པོ་འདི་སོལ་བ་ལ་སྒྱུར་གྱི་རེད། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་དམངས་ལ་རྩིས་གནང་རྗེས། བཙན་བྱོལ་ནས་བོད་ནང་ཐད་ཀར་ལམ་སྟོན་བྱེད་ཐུབ་མཁན་ཞིག་མེད་པར་གྱུར་པའི་དུས་འདིར། བོད་ཀྱི་གཏམ་དཔེར། ཕ་བླ་མ་མེད་པའི་གྲྭ་ཚང་དེས་རང་ཁྲིམས་རང་གིས་མ་བསྲུངས་ན། དགོན་གྲྭ་ཚང་ཁྲམ་པ་ལུང་གང་འགྱུར་ཟེར་བ་ལྟར། དེང་སྐབས་བོད་ནང་གནས་སྟངས་ཁག་ཅིག་ར་ལང་ཆ་ལང་གི་རྣམ་པ་ཞིག་འགོ་ཚུགས་ཀྱི་མེད་དམ་དྲན་དགོས་པ་ཞིག་ཆགས་འདུག བར་སྐབས་ནས་གེ་སར་སྒྲུང་ཁ་ལ་ཁྱེར་ནས་དར་དཀར་དམར་གྱི་ཁྲུ་རིང་གྱོན་པའི་འཁྲབ་སྟོན་ཞིག་གློ་བུར་དུ་དར་ཡོད་པ་འདིར་ཨ་རིའི་གདོད་མའི་མི་རིགས་ཀྱི་འཁྲབ་སྟོན་ལ་རྒྱུས་ཡོད་མཁན་ཞིག་གིས་བལྟས་ན། འདི་ལ་གདོད་མའི་མི་རིགས་ཀྱི་ཁྱད་ཆོས་ལྡན་ཡོད། ད་ལྟ་དེ་ལས་ཀྱང་ལྡོག་ཏེ་སྨད་ལ་པགས་པ་དང་སྟོད་ལ་བྱ་རྒོད་ཀྱི་ཐུ་ལུ་དང་གཤོག་པ་གྱོན་ནས་འཁྲབ་རྒྱུ་འགོ་བཙུགས་འདུག་པ་འདི་ཡིས་གླིང་ཆེན་གཞན་ནང་གི་གདོད་མའི་མི་རིགས་ཀྱི་འཁྲབ་སྟོན་དང་བོད་ནང་བོད་མིའི་རྣམ་པ་གཉིས་ཐད་ཀར་གཅིག་ཏུ་བསྒྱུར་རྒྱུ་རེད།            

གནད་དོན་གསུམ་པ། གདོད་མའི་མི་རིགས་ཀྱི་ངོ་བོ་དང་ཆབ་སྲིད་བར་གྱི་འབྲེལ་བ།

ཀུན་གྱིས་མཐོང་གསལ་ལྟར། ཨ་རིའི་ཁང་པ་དཀར་པོས་པེ་ཅིང་སྲིད་གཞུང་ལ་བོད་ནང་གི་གནས་སྟངས་ཐད་སྐྱོན་བརྗོད་བྱེད་དུས། པེ་ཅིང་སྲིད་གཞུང་གིས་ནམ་ཡིན་ནའང་ལམ་སང་ཨ་རིའི་གདོད་མའི་མི་རིགས་སམ་མི་རིགས་དང་པོའི་ལོ་རྒྱུས་བགྲངས་ནས་ཨ་རི་ལ་ཚུར་དགག་ལེན་རྒྱག་གི་ཡོད་རེད། འདི་ནི་རྒྱ་ནག་གིས་འཆར་གཞི་ངེས་ཅན་ལྡན་པའི་ཐབས་ཇུས་ཤིག་ཡིན་པ་དེ་ནི། ཉེ་ས་ནས་ཨ་རིའི་སྐྱོན་བརྗོད་ལ་དགག་ལེན་སྤྲོད་པ་དང་། ཐག་རིང་ས་ནས་བོད་ཀྱི་གནད་དོན་གྱི་ངོ་བོ་དེ་རིམ་བཞིན་གདོད་མའི་མི་རིགས་ཅན་དུ་བསྒྱུར་རྒྱུའི་འབད་ཐབས་ཞིག་རེད།       

ཉེ་བའི་ཆ་ནས་བོད་ནང་བཟུང་བའི་འབྲོག་པ་གྲོང་གསར་ལ་གནས་སྤོ་བྱེད་པ་དང་། བོད་ཕྲུག་རྣམས་གཏན་འཇགས་སློབ་གྲྭའི་སྡོད་ཁང་ནང་བཅུག་ནས་ཕ་མ་དང་ཁ་ཕྲལ་བའི་སྲིད་ཇུས་འདི་དག་ནི་ལོ་རྒྱུས་ཐོག་ཨ་རི་ཚུད་པའི་མི་སེར་སྤེལ་མཁན་གྱིས་གདོད་མའི་མི་རིགས་ཐོག་ལག་ལྟར་བྱས་པའི་སྲིད་ཇུས་རྙིང་པ་ཞིག་རེད། དེར་བརྟེན་བོད་མི་རྣམས་གདོད་མའི་མི་རིགས་ཀྱི་ངོ་བོ་ལ་བསྒྱུར་ཏེ་བོད་ནང་སྲིད་ཇུས་འདི་དག་ལག་བསྟར་བྱས་ན་སྲིད་ཇུས་དེ་རྒྱ་ནག་གི་འདོད་ཕྱོགས་ལྟར་ལམ་ལྷོངས་ཡོང་བའི་ལམ་ཁ་ཞིག་ཡོད་པ་མཐོང་ནས་འབད་བརྩོན་འདི་བྱེད་ཀྱི་ཡོད་རེད།

དེར་བརྟེན། གལ་ཏེ་འཆི་འདོད་མཁན་གྱི་མི་རིགས་ཤིག་ཡིན་ན་བྲོ་གླུ་གཞས་གསུམ་གྱི་ཉལ་ཐས་མྱོས་ནས་ཤི་ན་འཆི་སྟངས་བདེ་མོ་ཞིག་ཡིན་སྲིད་མོད། འོན་ཀྱང་གསོན་འདོད་མཁན་ཞིག་ཡིན་ན་འདིའི་ཐད་མགྱོགས་ཙམ་བསམ་བློ་གཏོང་དགོས་པ་ཞིག་མ་ཡིན་ནམ་དྲན།། །།

            (ཡི་གེ་འདི་བོད་ནང་སྐུར་སའི་བརྒྱུད་ལམ་བདེ་བོ་ཡོད་མཁན་ཡོད་ན་ཕར་སྐུར་རོགས་གནང་།)