བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་བོད་དོན་ཞུ་སྐུལ་བྱེད་ཕྱོགས་ཀྱི་ཚོགས་འདུ་མཇུག་གྲུབ་འདུག

ཟླ་ ༨ པའི་ཚེས་ ༧ ནས་ཉིན་གྲངས་ལྔའི་རིང་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་བོད་དོན་ཞུ་སྐུལ་གྱི་ལས་དོན་བྱེད་ཕྱོགས་ཀྱི་ཚོགས་འདུ་དེ་ཉིད་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་ཤོག་གསོལ་མགྲོན་ཁང་དུ་འཚོགས་བཞིན་འདུག
ཉིན་དང་པོའི་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་གཙོས་པའི་བོད་མི་མང་གི་སྤྱི་འཐུས་རྣམ་པ་དང་། ལྡི་ལིར་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་ཐབས་ལམ་བསྟི་གནས་ཁང་དང་། མཁས་པའི་བསྟི་གནས་ཁང་བཅས་ཀྱི་གནད་ཡོད་མི་སྣ་དག་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་ཚོགས་གཙོ་སྦྲེལ་པོས་བོད་མི་མང་སྤྱི་འཐུས་རྣམ་པ་དང་ཚོགས་བཅར་བའི་དབར་རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་། རྒྱ་གར་གྱི་གྲོས་ཚོགས་ནང་བོད་དོན་གླེང་སློང་གང་མང་ཡོང་ཐབས། རྒྱ་གར་དང་རྒྱ་ནག་དབར་གྱི་འབྲེལ་ལམ་གནང་ཕྱོགས། རྒྱ་གར་ནང་བོད་དོན་ཞུ་སྐུལ་གོང་མཐོར་གནང་ཕྱོགས་སོགས་ཀྱི་ཐོག་དགོངས་ཚུལ་བརྗེ་ལེན་གྱི་ལས་རིམ་བསྐྱངས་གནང་བ་ལྟར། བོད་མི་མང་གི་སྤྱི་འཐུས་ཚོགས་གཙོས་ཐེངས་འདིའི་ཐབས་བྱུས་ཚོགས་འདུའི་ནང་དོན་སྐོར་ངོ་སྤྲོད་གནང་རྗེས།
རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ། ཕྱི་ལོ་༢༠༢༡ ལོར་རྒྱ་ནག་གཞུང་གིས་བོད་ཐོག་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་དང་འབྲེལ། རྒྱ་གར་གྱིས་རྒྱ་ནག་ལ་འཛིན་པའི་ཐབས་བྱུས་ལ་ཤུགས་རྐྱེན། ད་ལྟའི་རྒྱ་གར་དང་རྒྱ་ནག་དབར་གྱི་འབྲེལ་ལམ་གནང་ཕྱོགས། བོད་ཀྱི་གནད་དོན་འཁོད་པའི་གལ་ཆེའི་ཡིག་ཆ་ཁག་རྒྱ་གར་གྱི་སྐད་ཡིག་གང་མང་ནང་བསྒྱུར་ཏེ་གྲོས་ཚོགས་འཐུས་མི་རྣམས་ལ་འབུལ་དགོས་པ་གལ་ཆེན་པོ་ཡིན་པ། སྤྱི་ཚོགས་དྲྭ་རྒྱའི་གལ་གནད། རྒྱ་གར་ནང་བོད་དོན་ཞུ་སྐུལ་གོང་མཐོར་གནང་ཕྱོགས་སོགས་ཀྱི་སྐོར་གཏམ་བཤད་དང་བགྲོ་གླེང་གནང་འདུག་པ་དང་།
ཉིན་གཉིས་པར། རྒྱ་གར་ཆུའི་ཐེབས་རྩའི་ཚོགས་གཙོ་དང་། འཛམ་གླིང་ཆུའི་ལྷན་ཚོགས་ཀྱི་ཚོགས་གཙོས་གནམ་གཤིས་འགྱུར་ལྡོག་གིས་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནང་ཉེན་ཚབས་ཀྱི་སྐོར་གསུང་བཤད་དང་། དྲི་བ་དྲི་ལན། དེ་བཞིན་སྤྱི་འཐུས་རྣམས་ཚོགས་ཆུང་ཁག་བགོས་ཀྱིས་བོད་དོན་ཞུ་སྐུལ་བྱེད་ཕྱོགས་ཐད་གྲོས་བསྡུར་གནང་འདུག་པ་དང་། ཉིན་དེའི་ཕྱི་དྲོར་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོས་ཁོང་གི་གཟིམ་ཤག་ཏུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་གཙོས་པའི་བོད་མི་མང་སྤྱི་འཐུས་རྣམས་ལ་ཇ་སྟོན་ཞིག་གོ་སྒྲིག་ཞུས་གནང་པ་བཞིན། སྐབས་དེར་ཕེབས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་གཉིས་དང་སྤྱི་འཐུས་རྣམ་པའི་དབར་ཕན་ཚུན་གནད་དོན་འདྲ་མིན་ཐོག་བཀའ་བསྡུར་གནང་ཡོད་འདུག
ཉིན་གསུམ་པར། ཚོགས་གཙོ་སྦྲེལ་པོ་ལགས་གཙོས་པའི་བོད་མི་མང་སྤྱི་འཐུས་རྣམ་པ་དང་། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི། རྒྱ་གར་ཧིན་དྷུ་གསར་ཤོག་གི་རྩོམ་སྒྲིག་པ། གནམ་གཤིས་འགྱུར་ལྡོག་ཐོག་རྒྱ་གར་སྲིད་བློན་ཟུར་པའི་དམིགས་བསལ་སྐུ་ཚབ་གནང་མྱོང་མཁན་བཅས་ཀྱིས་རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ལ་བལྟ་ཞིབ་དང་འབྲེལ། རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་། རྡུལ་ཕྲན་མཚོན་ཆའི་གནད་དོན་དང་། རྒྱ་དཀར་ནག་དབར་གྱི་འབྲེལ་ལམ་སོགས་ཀྱི་བརྗོད་གཞིའི་ཐོག་ནས་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་འདུག་ལ། དེར་ཕེབས་སྤྱི་འཐུས་རྣམ་པ་སྡེ་ཚན་གསུམ་ལ་ཆ་བགོས་ཀྱིས་བོད་དོན་དང་འབྲེལ་བའི་བརྗོད་གཞི་ཁག་བཞིའི་ཐོག་ཕན་ཚུན་དགོངས་ཚུལ་བརྗེ་ལེན་གནང་ཡོད་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་བོད་དོན་ཞུ་སྐུལ་གྱི་ལས་དོན་བྱེད་ཕྱོགས་ཀྱི་ཚོགས་འདུ།
ཉིན་བཞི་པར། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་པའི་ཚོགས་བཅར་བ་བོད་མི་མང་སྤྱི་འཐུས་རྣམ་པ་དང་། རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམ་གཉིས་དང་ལྷན་སོ་སོར་བོད་དོན་ཐོག་དགོངས་ཚུལ་བརྗེ་ལེནགནང་འདུག་པ་དང་། གཞན་ཡང་ལྡི་ལིར་རྟེན་གཞི་བྱས་པའི་མི་ཊི་ཀ་ཞེས་པའི་ཚོགས་པའི་གནད་ཡོད་མི་སྣ་བཅས་དང་མཉམ་དུ་སེམས་ཚོར་འདུ་ཤེས་འཁྱེར་སྟངས་ཀྱི་རིག་རྩལ་དང་། རང་ནུས་གོང་སྤེལ་གཏོང་ཐབས། རྩོད་རྙོག་འདུམ་འགྲིག་གནང་ཕྱོགས་བཅས་ཀྱི་ཐོག་སྦྱོང་བརྡར་གནང་ཡོད་འདུག
ཉིན་ལྔ་པར། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་གཙོས་པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལྷན་འཛོམས་ཐོག་ “ཕྱི་ལོ་ ༢༠༢༣ ནས་ ༢༠༢༦ བར་གྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་འཆར་གཞི།” ཡི་ཡིག་ཆ་བོད་ཨིན་གཉིས་ནང་དབུ་འབྱེད་གནང་བ་དང་། གཞན་ཡང་རྒྱ་གར་ གྲོས་ཚོགས་གོང་འོག་གི་འཐུས་མི་རྣམ་གཉིས་ཚོགས་འདུའི་ཐོག་ཆེད་ཕེབས་ཀྱིས་ཚོགས་གཙོ་སྦྲེལ་པོ་དང་བོད་མི་མང་སྤྱི་འཐུས་རྣམས་དང་ལྷན་ཕན་ཚུན་བོད་དོན་ཐོག་བཀའ་བསྡུར་ལྷུག་པོ་གནང་ཡོད་འདུག དེ་ལྟར་ཉིན་ལྔའི་རིང་གོ་སྒྲིག་ཞུས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་བོད་དོན་ཞུ་སྐུལ་ལས་དོན་བྱེད་ཕྱོགས་ཀྱི་ཚོགས་འདུ་དེ་མཇུག་ལེགས་པར་གྲུབ་འདུག
པར་རིས་དང་གནས་ཚུལ་ཡོང་ཁུངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་དེབ།
གསར་འགོད་པ་བསྟན་འཛིན་ལམ་བཟང་།