རྒྱ་ནག་གི་བཟོ་ཚོང་ཁང་གྲགས་ཅན་ཞིག་རྒྱལ་སྤྱིའི་ཐོག་བུ་ལོན་ཆེ་ཤོས་ཀྱི་བཟོ་ཚོང་ཁང་ཞིག་ཆགས་འདུག

ཟླ་འདིའི་ཚེས་༡༨ ཉིན་(South China Morning Post) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་བཟོ་ཚོང་ཁང་ཆེ་ཤོས་གྲས་ཨེ་ཝར་གྷི་རན་ཌི་(Evergrande) ་ཞེས་པས་ཨ་རིའི་ནང་ཡོད་པའི་ཁོང་ཚོའི་རྒྱུ་ནོར་དག་སྲུང་སྐྱོབ་བྱེད་ཆེད་ཨ་རིའི་ཁྲིམས་ཁང་ལ་ཞུ་གཏུག་སྙན་ཞུ་ཞིག་ཕུལ་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༧ ་ཉིན་རྒྱ་ནག་གི་བཟོ་ཚོང་ཁང་དེ་ཡིས་ཨ་རི་ལ་ཡོད་པའི་ཁོང་ཚོའི་རྒྱུ་ནོར་དག་བུན་བདག་ཚོ་ལ་མི་ཤོར་བའི་ཆེད་ཨ་རིའི་ཁྲིམས་ཁང་ལ་ཞུ་གཏུག་སྙན་ཞུ་ཞིག་ཕུལ་ཡོད་འདུག གནས་ཚུལ་དབྱེ་ཞིབ་པ་ཚོས་སྙན་ཞུ་དེ་ཡིས་རྒྱ་ནག་དང་བཟོ་ཚོང་ཁང་དེ་ལ་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་མཚོན་གྱི་རེད་ཅེས་རྗོད་བཞིན་འདུག བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བཟོ་ཚོང་ཁང་དེའི་ས་ཁང་སྡེ་ཚན་(Real estate unit) ་ལ་ད་ལྟའི་ཆར་རྒྱ་ནག་ཁྱོན་ཡོངས་ཀྱི་གྲོང་ཁྱེར་༢༨༠ ནང་ལས་འཆར་༡༣༠༠ ཡོད་འདུག

ཟླ་བ་སྔོན་མའི་ནང་བཟོ་ཚོང་ཁང་དེས་འདས་པའི་ལོ་ངོ་གཉིས་ཀྱི་རིང་ཨ་སྒོར་ཐེར་འབུམ་༨༠ ་གྱོང་གུུད་ཕོག་ཡོད་པ་གསལ་སྟོན་བྱས་ཡོད་པ་མ་ཟད། བདུན་ཕྲག་སྔོན་མའི་ནང་རྒྱ་ནག་གི་ཁར་དབང་(Property) ་བཟོ་ཚོང་ཁང་(Country Garden) ཞེས་པ་དེ་ཡིས་ཀྱང་འདས་པའི་ཟླ་བ་དྲུག་གི་རིང་། ཨ་སྒོར་ཐེར་འབུམ་༧.༦ ཙམ་གྱོང་གུད་ཕོག་རྒྱུའི་ཉེན་བརྡ་བཏང་ཡོད་འདུག

 ཕྱི་ལོ་༢༠༢༡ ལོར་རྒྱ་ནག་གི་ས་ཁང་གཙོས་པའི་དངོས་ཟོག་སྣ་ཚོགས་བཟོ་སྐྲུན་བྱེད་མཁན་གྱི་བཟོ་ཚོང་ཁང་ཨེ་ཝར་གྷི་རན་ཌི་(Evergrande) ་ལ་ཨ་སྒོར་ཐེར་འབུམ་$༣༠༠ ཙམ་གྱི་བུ་ལོན་ཟུག་ནས་བཟོ་ཚོང་ཁང་གི་དངོས་ཟོག་རྣམས་སྒོར་མོར་སྒྱུར་མི་ཐུབ་པའི་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་དང་། སྐབས་དེར་མ་འཇོག་བྱེད་མཁན་བརྒྱ་ལྷག་གིས་གྲོང་ཁྱེར་ཧྲེན་ཌིན་(Shenzhen) ་ལ་ཡོད་པའི་ལས་ཁུངས་ཨ་མའི་མཐའ་བསྐོར་ནས་ང་ཚོའི་སྒོར་མོ་ཕྱིར་སློག་དགོས་ཞེས་འབོད་ཚིག་བསྒྲགས་ནས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་འདུག

ཕྱི་ལོ་༢༠༢༡ ལོར་བཟོ་ཚོང་ཁང་དེ་ནི་རྒྱལ་སྤྱིའི་ཐོག་བུ་ལོན་ཆེ་ཤོས་ཡོད་པའི་བཟོ་ཁང་ཞིག་ཏུ་གྱུར་ཡོད་པར་བརྟེན། རྒྱ་ནག་ཙམ་མ་ཟད་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་དཔལ་འབྱོར་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་འདུག

རྒྱ་ནག་ནང་བཟོ་ཚོང་དེ་དག་ལ་དཀའ་ངལ་འཕྲད་དགོས་དོན་ནི། བཟོ་ཚོང་དེ་དག་ལ་ལས་འཆར་མང་དྲགས་པ་དང་བུ་ལོན་གཡར་ཚད་མང་དྲགས་པ། ལྷག་པར་དུ་ཉེ་བའི་ལོ་ཤས་ནང་རྒྱ་ནག་གི་བུ་ལོན་གཡར་ཕྱོགས་སོགས་དང་འབྲེལ་བའི་སྲིད་བྱུས་ལ་འགྱུར་བ་ཕྱིན་ཡོད་པའི་དབང་གིས་ཡིན་འདུག་པ་མ་ཟད། རྒྱ་ནག་ཁྱོན་ཡོངས་ལ་དཔལ་འབྱོར་ཉམས་རྒུད་དང་ཨུ་རུ་སུ་དང་ཡུག་རེན་གྱི་དམག་འཁྲུག་གིས། དངོས་ཟོག་ཕྱིར་འདྲེན་དང་ནང་འདྲེན་ལ་དོ་ཕོག་ཕྱིན་པ་སོགས་ལ་བརྟེན་ནས། ད་ལྟའི་ཆར་རྒྱ་ནག་ནང་གི་བཟོ་ཚོང་ཁང་མང་དག་ཅིག་ལ་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།