ཆབ་སྲིད་བཙོན་ཟུར་དང་བོད་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་རུབ་རྡུང་བྱས་འདུག

བོད་ཀྱི་སྐད་ཡིག་ལས་འགུལ་བ་དང་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་མགོ་ལོག་དར་ལག་རྫོང་གི་མགྲོན་ཁང་ཞིག་ཏུ་གདོང་རས་གྱོན་པའི་མི་འགས་རུབ་རྡུང་བྱས་ཡོད་པའི་གནས་ཚུལ་འདུག
ཟླ་འདིིའི་ཕྱི་ཚེས་༢༡ ཉིན་བོད་གནས་ལྟ་ཞིབ་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༡༩ དང་རེས་གཟའ་སྤེན་པའི་དགོང་མོར་གདོང་རས་གྱོན་མཁན་མི་འགའ་ཤས་ཀྱིས་བོད་ཀྱི་སྐད་ཡིག་ལས་འགུལ་བ་དང་བོད་ཀྱི་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་སུ་རུབ་རྡུང་བྱས་ཡོད་འདུག བཀྲ་ཤིས་དབང་ཕྱུག་ལགས་ཉིན་དེའི་ཕྱི་དྲོ་སློབ་གྲྭ་ཁག་གི་ནང་བོད་ཀྱི་སྐད་ཡིག་ཉམས་རྒུད་དུ་འགྲོ་བཞིན་པའི་ཐོག་ལ་གོ་རྟོག་སྤེལ་ཆེད་མགོ་ལོག་དར་ལག་རྫོང་དུ་ཕྱིན་ཡོད་པ་དང་། མགྲོན་ཁང་དུ་མ་ལོག་གོང་ཁོང་གིས་དར་ལག་མི་རིགས་སློབ་འབྲིང་གི་ཉེ་འཁོར་དུ་བརྙན་བླངས་ནས་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱ་(Douyin) ཐོག་བཞག་ཡོད་འདུག དགོང་མོའི་ཆུ་ཚོད་༨ པ་ཙམ་ལ་གདོང་རས་གྱོན་ཡོད་པའི་མི་འགས་ཁོང་ཉིད་སྡོད་སའི་ཉལ་ཁང་དུ་འཛུལ་ཡོང་ནས་ཁོང་ལ་སྐར་མ་བཅུ་ཙམ་རིང་རུབ་རྡུང་བྱས་ཡོད་འདུག སྐབས་དེར་བཀྲ་ཤིས་དབང་ཕྱུག་གིས་མ་རྡུང་རོགས་ཞེས་ཞུ་བ་འཐེན་ཡོད་པ་མ་ཟད་མགྲོན་ཁང་བདག་པོ་ལ་ཉེན་རྟོག་པ་ལ་ཁ་པར་གཏོང་རོགས་ཞེས་ཞུས་ཡོད་འདུག དགོང་དྲོའི་ཆུ་ཚོད་༩ ཙམ་ལ་ཉེན་རྟོག་པ་བསླེབས་ཏེ་ཁོང་ཉེན་རྟོག་ལས་ཁུངས་སུ་ཁྲིད་ཡོད་འདུག ཉེན་རྟོག་པ་ཚོས་མཚན་མོ་ཆུ་ཚོད་༡༡:༣༠ ཡས་མས་བར་དྲི་རྩད་བྱས་ཡོད་པ་མ་ཟད། བཙན་དབང་གིས་ཁོང་གིས་ཉིན་དེའི་སྔ་ནུབ་བླངས་པའི་པར་དང་བརྙན་སོགས་ཁ་པར་ནས་བསུབ་བཅུག་ཡོད་འདུག

དགོང་མོ་དེར་མགྲོན་ཁང་བདག་པོས་ཁོང་མགྲོན་ཁང་དུ་བསྡད་བཅུག་མེད་པར་བརྟེན་མགྲོན་ཁང་གཞན་བཙལ་ཡང་ཚང་མས་ཁོང་ལ་ཉལ་ཁང་གཡར་མེད་པ་རེད་འདུག སྐབས་དེར་ཁོང་ཉིད་དར་ལག་རྫོང་སྨན་ཁང་དུ་ཕྱིན་ནས་མགོ་བོ་བརྟག་དཔྱད་བྱེད་རོགས་ཞེས་ཞུས་ཀྱང་། སྨན་པས་བརྟག་དཔྱད་འཕྲུལ་ཆས་(CT scanner) ་འཕྲོ་བརླག་ཕྱིན་འདུག་ཅེས་བརྗོད་ཡོད་འདུག མཚན་མོ་དེར་ཁོང་སྨན་ཁང་གི་ཐོག་བརྩེགས་དང་པོའི་རྐུབ་སྟེགས་ཤིག་གི་སྟེང་ཉལ་ནས་ཉིན་དེར་འཕྲད་པའི་གནས་ཚུལ་ཡོངས་རྫོགས་ཡིག་ཐོག་ཏུ་ཕབ་ཡོད་པའི་གནས་ཚུལ་འདུག ད་ལྟའི་སྐུ་གཟུགས་སོགས་ཀྱི་གནས་སྟངས་གང་ཡིན་ཤེས་རྟོགས་ཡོང་གི་མི་འདུག བཀྲ་ཤིས་དབང་ཕྱུག་ནི་ཁམས་སྐྱེ་དགུ་མདོའི་ཚོང་པ་དཀྱུས་མ་ཞིག་ཡིན་ཞིང་། ཁོང་གིས་སོ་སོའི་ཕ་ཡུལ་གྱི་སྲིད་གཞུང་དང་། སློབ་གྲྭའི་ནང་རྒྱ་ཡིག་ལས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་མི་བྱེད་པའི་སྲིད་བྱུས་གདུག་རྩུབ་ཅན་དེ་མཐོང་རྗེས། རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐོབ་ཐང་རྩོད་ཐབས་གནང་ན་ཡང་། རྒྱ་གཞུང་གིས་རྩ་ཁྲིམས་ཚུལ་བཞིན་ལག་བསྟར་བྱེད་རྒྱུའི་ཚབ་ཏུ་ཁོང་ཕྱི་ལོ་༢༠༡༦ ལོ་སྟོད་དུ་ཁོང་གསང་བའི་ཐོག་ནས་འཛིན་བཟུང་བྱས་པ་མ་ཟད། ཕྱི་ལོ་༢༠༡༨ ལོར་ཉིན་གཅིག་གི་ཁྲིམས་བཤེར་ལས་མེད་པར་ཁོང་ལ་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ནས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་རྗེས། ཕྱི་ལོ་ ༢༠༢༡ ལོར་ཁོང་གི་བཙོན་འཇུག་ལོ་ ༥ ཚང་ནས་གློད་བཀྲོལ་བཏང་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།