ཐའེ་ཝན་གྱི་ཚན་རིག་པ་དང་མཁས་དབང་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་འདུག

ཐའེ་ཝན་ནས་རྒྱ་རིགས་ཚན་རིག་པ་དང་མཁས་དབང་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་ཏེ་སྤྱི་འཐུས་ཚོགས་གཙོ་ལགས་དང་མཇལ་འཕྲད་གནང་འདུག
ཕྱི་ཟླ་ ༩ པའི་ཚེས་ ༥ ཕྱི་དྲོར་ཐའེ་ཝན་གཞུང་གི་ཚན་རིག་དང་འཕྲུལ་རིག་གི་བློན་ཆེན་ཟུར་པ་དང་། དངོས་ཁམས་ཚན་རིག་གི་སློབ་དཔོན་ཆེན་མོ་སྐུ་ཞབས་ཡཱང་ཧུང་ཏྲུན་ (Mr. Hung-Duen Yang) ལགས་གཙོས་པའི་ཐའེ་ཝན་ནས་ཕེབས་པའི་རྒྱ་རིགས་ཚན་རིག་པ་དང་མཁས་དབང་ཁག་ཅིག་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་ཏེ་སྤྱི་འཐུས་ཚོགས་གཙོ་ལགས་དང་ལྷན་མཇལ་འཕྲད་གནང་འདུག
སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཁོང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དགའ་ཚོར་ཇི་བྱུང་གསུངས་ཏེ་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། ཚོགས་གཙོ་ལགས་ཀྱིས་ཕྱི་ལོ་ ༢༠༠༦ ནས་ད་བར་སྐབས་བཞིའི་རིང་སྤྱི་འཐུས་ལྷན་ཚོགས་སུ་ཕྱག་ལས་གནང་རིང་། ཐའེ་ཝན་རྒྱལ་ཁབ་ནང་ཐེངས་གཉིས་ཆེད་ཕེབས་གནང་བའི་སྐོར་དང་། རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་ཏེ། ༡༩༥༩ ལོར་རྒྱ་གར་བཙན་བྱོལ་དུ་སླེབས་པ་ནས་བཟུང་ད་བར་ལོ་ངོ་ ༦༤ ལྷག་འགྲོ་བཞིན་ཡོད་པ་དང་། དེའི་རིང་རྒྱ་གར་གཞུང་མང་གཉིས་ནི་བོད་མི་ཚོར་བཀའ་དྲིན་ཆེན་པོ་ཡིན་པར་ཚོར་བཞིན་ཡོད་པ། དེ་བཞིན་ཐའེ་ཝན་ཕྱོགས་ནས་ཀྱང་བོད་ཀྱི་ཆོས་ཕྱོགས་ཀྱི་བསླབ་པ་སློབ་གཉེར་ཐོག་ལ་ཕན་ཐོགས་ཆེན་པོ་བསྐྲུན་ཡོད་པར་ཐུགས་རྗེ་ཆེ་ཞུས་ཡོད་འདུག གཞན་ཡང་རྒྱ་ནག་ནང་འགྱུར་བ་ཞིག་འགྲོ་དགོས་པར་ཚང་མས་ངོས་འཛིན་གནང་གི་ཡོད་པའི་སྐོར་དང་། བོད་མི་ཚོས་༧རྒྱལ་བ་རིན་པོ་ཆེའི་དགོངས་བཞེད་གཞིར་བཟུང་འཚེ་མེད་ཞི་བའི་ཐབས་ལམ་ཐོག་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་སྟེ། རྒྱ་ནག་མཉམ་དུ་འབྲེལ་མོལ་ཐེངས་ ༩ བྱུང་བའི་སྐོར། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ནས། ཞི་ཅིན་ཕིང་གི་སྐབས་ལ་སྔར་ལྷག་དམ་བསྒྲགས་དང་། མཁྲེགས་འཛིན་གྱི་སྲིད་བྱུས་འཛིན་བཞིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར་སོགས་དང་། རྒྱ་ནག་དང་ཐའེ་ཝན་གྱི་རྒྱ་རིགས་མང་གཙོ་དོན་གཉེར་ཅན་ཁག་ཅིག་གིས་༧རྒྱལ་བ་རིན་པོ་ཆེ་ཡོད་པ་དེས་བོད་ཀྱི་ཆོས་དང་། རིག་གཞུང་། ཆབ་སྲིད་སོགས་ཀྱི་ཐད་བོད་མི་རྣམས་ལ་ཧ་ཅང་གིས་བཀའ་དྲིན་ཆེན་པོ་ཆགས་ཡོད་པ་དང་། ཐའེ་ཝན་གྱི་མང་གཙོ་དེ་རྒྱ་ནག་གི་མིག་དཔེ་བལྟ་ས་འདྲ་པོ་ཞིག་ཆགས་ཡོད་པ་དེ་གལ་ཆེ་ཚུལ་སོགས་གསུངས་འདུག འཕྲུལ་རིག་བློན་ཆེན་ཟུར་པ་དང་། དངོས་ཁམས་ཚན་རིག་གི་སློབ་དཔོན་ཆེན་མོ་སྐུ་ཞབས་ཡཱང་ ཧུང་ཏྲུ ན་ ལས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁོང་རྣམས་ལ་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཁོང་རྣམས་བཞུགས་སྒར་དུ་རེས་གཟའ་སྤེན་པར་ཕེབས་འབྱོར་བྱུང་ཞིང་། ༧རྒྱལ་བ་རིན་པོ་ཆེའི་མཇལ་ཁ་ཐོབ་པ་མ་ཟད། གསུང་ཆོས་ལ་བཅར་རྒྱུའི་གོ་སྐབས་བྱུང་བ་སོགས་ཀྱི་སྐོར་དང་། དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱ་ནག་གི་ཆབ་སྲིད་དང་།

རྒྱལ་སྤྱིའི་ནང་རྒྱ་ནག་གི་གནས་བབ་སོགས་ཀྱི་སྐོར་དང་། ཚོགས་དྲུང་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། སྒྲོམ་གཞི་སོགས་ཀྱི་སྐོར་གསུངས་གནང་བ་དེས་ཧ་ཅང་གོ་རྟོགས་ཆེན་པོ་བྱུང་སྐོར་དང་། ཁོང་རྣམ་པའི་ངོས་ནས་ལེགས་ཆ་ལེན་དགོས་ཁག་ལེན་རྒྱུ་ཡིན་པའི་སྐོར། ལོ་བཞིའི་སྔོན་ཐའེ་ཝན་སྲིད་འཛིན་འོས་བསྡུའི་སྐབས་དཔལ་ལྡན་ཚོགས་གཙོ་ལགས་དང་མཇལ་འཕྲད་གནང་རྒྱུ་བྱུང་བ་དང་། དེ་རིང་ལོ་བཞིའི་རྗེས་ལ་སླར་ཡང་མཇལ་འཕྲད་གནང་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་བ་དང་། མ་འོངས་པར་དཔལ་ལྡན་ཚོགས་གཙོ་ལགས་ཐའེ་ཝན་ལ་ཕེབས་རྒྱུའི་རེ་འདུན་དང་། ཐའེ་ཝན་མི་མང་རྣམས་རྟག་ཏུ་བོད་མི་མཉམ་དུ་ཡོད་པ་དང་། བོད་དོན་ཐོག་རྟག་ཏུ་རྒྱབ་སྐྱོར་ཡོད་སྐོར་སོགས་གསུངས་གནང་འདུག གཞན་ཡང་བོད་རྒྱའི་གནད་དོན་གྱི་སྐོར་ཚོགས་གཙོ་ལགས་དང་དྲི་བ་དྲི་ལན་གྲུབ་རྗེས་སྐུ་མགྲོན་རྣམ་པ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་ཡོད་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།