བོན་རིག་པའི་བགྲོ་གླེང་ཐེངས་བཞི་པ་སྐོང་འཚོགས་གནང་བ།  

བོན་རིག་པའི་བགྲོ་གླེང་ཐེངས་བཞི་པ་དེ་ཕྱི་ལོ་༢༠༢༣ ཟླ་༠༩ཚེས༠༥དང་༠༦བཅས་ཉིན་གཉིས་རིང་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུའི་གྲོང་ཁྱེར་གྱི་བྱང་མཐའ་སུ་གནས་གཞིས་ཆགས་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་སྐོང་འཚོགས་གནང་ཡོད་པ་དང་། བགྲོ་གླེང་གི་ཚོགས་མགོན་དུ་སྐྱབས་རྗེ་༧སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་རྣམ་པ་གཉིས་དབུས་པའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་། རྩ་འཛིན་སློབ་དཔོན་རྣམ་པ། དགེ་བཤེས། སྒྲུབ་ཐོན་པ། གྲྭ་མང་། གསོ་རིག་འབུམ་བཞིའི་དགེ་སློབ་བཅས་ཕེབས་ཡོད་པ་དང་། ཚོགས་ཞུགས་མི་སྣ་ལ་དགེ་བཤེས་དང་། ཆེད་སྦྱོང་སློབ་ཐོན་པ། ཞིབ་འཇུག་སློབ་མ། སློབ་གཉེར་བ་བཅས་ཁྱོན་བགྲོ་གླེང་དངོས་སུ་ཞུགས་མཁན་མི་གྲངས་བཅུ་བཞི་བྱུང་ཡོད། བགྲོ་གླེང་གི་རྩོམ་ཤོག་ལ་ལོ་རྒྱུས་དང་། མི་སྣ། མོ་པྲ། གནས་རི། ལྟ་གྲུབ། རིག་གཞུང་། མཚན་ཉིད། གཞུང་ལུགས་སོགས་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད།  

ད་ལན་སྔ་དྲོའི་ཕྱག་ཚོད་༧དང་སྐར་མ་༤༥ཐོག་ཚོགས་བཅར་བ་ཚང་མ་གཙུག་ལག་ཁང་དུ་འཛོམས་ནས། བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ཚོགས་མི་བགྲོ་གླེང་གོ་སྒྲིག་པ་གཡུང་དྲུང་ཐོགས་མེད་ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གིས་མཛད་རིམ་ངོ་སྤྲོད་དང་སྦྲགས། ༧ སྐྱབས་རྗེ་སློབ་དཔོན་རིན་པོ་ཆེས་སྣང་གསལ་སྒྲོན་མེ་ཞལ་འབྱེད་གནང་ཞིང་། བགྲེས་པོའི་འབེལ་གཏམ་གཙོ་སྒྲིག་པ་དགེ་བཤེས་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་བྱོན་པ་ལེགས་གསོལ་གྱི་གཏམ་བཤད་གནང་བ་དང་། ཁོང་གིས་ད་ཆ་དགོན་འདིར་དགེ་རྒན་དང་། སྡོད་གནས། དཔེ་ཆ། འཚོ་བའི་མཐུན་རྐྱེན་བཅས་གང་ཐད་ནས་ཆ་རྐྱེན་འཛོམས་པོ་ཡོད་པ་དང་། འབྲེལ་ཡོད་བོན་ཕྱོགས་སུ་ཞིབ་འཇུག་གནང་མཁན་རྣམས་ཀྱིས་དེ་ལུགས་དགོངས་བཞེད་གནང་ནས་ཕེབས་ཐུབ་ན་དགེ་མཚན་ཆེ་སྐོར་དང་། བོན་རིག་པའི་བགྲོ་གླེང་ནི་བོན་གྱི་གྲུབ་མཐའ་ཙམ་མིན་པ་བོད་རིགས་ཡོངས་ལ་གལ་ཆེན་ཡིན་སྐོར་གསུང་གནང་སོང་།  

དེ་རྗེས་༧སྐྱབས་རྗེ་སློབ་དཔོན་རིན་པོ་ཆེ་མཆོག་ནས་བགྲོ་གླེང་ནི་འཆད་རྩོད་རྩོམ་གསུམ་ལས་འཆད་པའི་ཁོངས་ཡིན་པ་དང་། མི་ཚེར་ཐོས་བསམ་མཛད་མཁན་རྣམས་ལ་མཚོན་ན་བགྲོ་གླེང་ནི་ཚིག་དོན་དག་ཐེར་དང་། དགེ་འདོན་སྐྱོན་སེལ་བྱེད་སྤྱད་གལ་ཆེན་ཞིག་ཆགས་ཡོད་སྐོར་དང་། རྩོམ་ཡིག་དང་གཏམ་བཤད་ཀྱི་སྔོན་དུ་དཔེ་གཞུང་ཁག་ལ་དཔྱད་པ་ཞིབ་མོ་གནང་རྒྱུ་ནི་ཆེས་གལ་ཆེ་བ་ཡིན་སྐོར་གྱི་གསུང་བཤད་གནང་ཡོད།  

དེ་རྗེས་༧སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་མཆོག་ནས། ཞིབ་འཇུག་གི་རྩོམ་ཡིག་འབྲི་བར་དཔེ་ཆ་ཁ་ཤས་ནས་ལུང་ཚིགས་བཏུས་སྒྲུག་འདྲ་པོ་དང་། གཞན་གྱི་བཤད་པའི་སྣེ་མོར་འཇུས་ནས་འདྲ་ཆགས་ཆགས་བཤད་པ་ཙམ་མིན་པ་རང་གི་ལྟ་བ་གསལ་འདོན་བྱེད་ནས་བརྗོད་གཞི་གསར་པར་འཇུ་ཐུབ་དགོས་པ་དང་། དེ་ཡང་དད་མོས་ཙམ་མིན་པ་ཚན་རིག་དང་མཐུན་པའི་དཔང་རྟགས་ཡོད་པ་བྱེད་དགོས་ཞེས་བཀའ་སློབ་བསྩལ་གནང་སོང་།  

དེ་རྗེས་སྔ་དྲོའི་ཚོགས་ཐུན་དང་པོར་རྩ་འཛིན་སློབ་དཔོན་དགེ་བཤེས་ཁྱུང་ཁྲི་ལྡེ་ཚུལ་ཁྲིམས་ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་སྟེ། དངོས་གཞིའི་བགྲོ་གླེང་དབུ་འཛུགས་ཀྱིས། ཝཱ་ཎ་མཐོ་སློབ་ཀྱི་དགེ་རྒན་དགེ་བཤེས་ཕུན་ཚོགས་ཉི་མ་མཆོག་ནས། <<ཁྱེའུ་གཉེན་འཐིང་དང་གཉེན་སྟོན་ཤེས་རབ་རྡོ་རྗེ་གཉིས་ལ་དཔྱད་པ>>ཞེས་པའི་བརྗོད་གཞིའི་ཐོག། ཁྱེའུ་གཉན་འཐིང་གི་འཁྲུངས་འདས་ལོ་ཚིགས་མི་མཐུན་པའི་སྐོར་དང་། ཁོང་གི་མི་ཚེའི་ཆེད་ལས་གཙོ་བོ་གང་ཡིན་པ། ཁྱེའུ་གཉན་འཐིང་གི་གཏེར་དཔེའི་གནས་བབས་དང་། ལྷག་ཏུ་ཁྱེའུ་གཉན་འཐིང་དང་གཉེན་སྟོན་ཤེས་རབ་རྡོ་རྗེ་གཉིས་མི་གཅིག་ཡིན་མིན་བཅས་ལ་དཔེ་གཞུང་དུ་མ་གོ་བསྡུར་ནས་དཔྱད་ཞིབ་ནན་པོ་གནང་ནས་གསུངས་སོང་།  

བཀའ་རམས་པ་ཚུལ་ཁྲིམས་རབ་བརྟན་ལགས་ནས<<སྐུ་གཤེན་གྱི་བྱུང་རབས་དང་འབྲེལ་བའི་གླེང་མོལ>>ཞེས་པའི་བརྗོད་གཞིའི་ཐོག། སྐུ་གཤེན་ཞེས་པའི་ཐ་སྙད་གསེད་དཀྲོལ་བྱས་པ་དང་། སྐུ་གཤེན་ནི་བོད་མངའ་མཛད་ཀྱི་དུས་ནས་བྱུང་བ་དང་། སྐུ་གཤེན་གྱིས་ལོ་རྒྱུས་ཐོག་བོད་ཀྱི་རིག་གནས་ལ་བྱས་རྗེས་ཆེན་པོ་བཞག་མྱོང་ཚུལ། བཙན་པོའི་སྐབས་སུ་སྐུ་གཤེན་ལ་དམིགས་བསལ་གྱི་བྱ་དགའ་དང་ཡིག་ཚང་མང་པོ་ཐོབ་མྱོང་སྐོར་བཤད་གནང་སོང་།  

རྨ་རོང་ཚུལ་ཁྲིམས་རྒྱ་མཚོ་ལགས་ནས<<མ་རྒྱུད་ཐུགས་རྗེ་ཉི་མ་ཨ་དཀར་བའི་ཐེག་པ་ཡིན་པའི་སྐོར་གྱི་དཔྱད་གླེང་>>ཞེས་པའི་བརྗོད་གཞིའི་ཐོག་མ་རྒྱུད་རྩ་འགྲེལ་ཁག་དང་གཞན་ཡང་དཔེ་གཞུང་ཁག་གི་བཤད་སྟངས་ཀྱིས་ཟུར་རྒྱན་བྱས་ཏེ། མ་རྒྱུད་སངས་རྒྱས་རྒྱུད་གསུམ་རྩ་འགྲེལ་གཉིས་ཨ་དཀར་བའི་ཐེག་པའི་གཞུང་ཡིན་པ་ལུང་རིགས་དུ་མས་ནན་པོ་སྒྲུབ་གནང་སོང་།  

སྔ་དྲོའི་ཚོགས་ཐེངས་གཉིས་པར་དགེ་རྒན་དགེ་བཤེས་ཕུན་ཚོགས་ཉི་མ་ལགས་ཀྱིས་གཙོ་སྐྱོང་གནང་སྟེ། དགེ་བཤེས་ཚུལ་ཁྲིམས་སྦྱིན་པ་ལགས་ནས<<ཁྲི་བརྒྱད་སྐོར་ནས་ཅུང་ཙམ་གླེང་བ་གསང་ཆེན་ཉི་མའི་རྒྱན>>ཞེས་པའི་བརྗོད་གཞིའི་ཐོག། མ་རྒྱུད་ཁྲིད་བརྒྱད་ངོས་འཛིན་ཚུལ་མི་འདྲ་བ་ཁ་ཤས་བྱུང་བར་དགོས་པ་ཕྲན་བུ་ཡོད་སྲིད་རུང་། ཁྲིད་བརྒྱད་ནི་མ་རྒྱུད་འབྲས་ཁྲིད་ཁོངས་སུ་གཏོགས་དགོས་སྐོར། ལུང་རིགས་དུ་མ་ཟུང་དུ་འབྲེལ་ནས་གཏམ་བཤད་གནང་ཡོད།  

སློབ་གཉེར་བ་བསོད་ནམས་དབང་གྲགས་མཆོག་ནས<<མཁའ་འགྲོ་འུག་གདོང་གི་གནས་ཟིང་ཆུང་ནགས་རིང་གི་རི་བོ་བྱང་བྱ་དུར་གྱི་ངོ་སྤྲོད>>ཅེས་པའི་བརྗོད་གཞིའི་ཐོག། མདོ་སྨད་ཤར་ཁོག་ཏུ་ཡོད་པའི་གསང་སྔགས་མ་རྒྱུད་ཀྱི་གནས་རི་མཁའ་འགྲོ་འུག་གདོང་གི་བྱུང་རབས་དང་། དེའི་དཀར་ཆག། གནས་སྒོ་ཇི་ལྟར་ཕྱེས་སྐོར། ཡུལ་དེ་གར་ཡོད་པའི་གནས་རི་ཁག་གི་བྲག་རྐོས་རི་མོ་དང་། དད་ལྡན་མི་སྣའི་སྲོལ་རྒྱུན་མཇལ་སྐོར་བཅས་ངོ་སྤྲོད་བྱས་ཡོད་པ་རེད། 

ཕྱི་དྲོའི་ཚོགས་ཐེངས་དང་པོར་སློབ་གཉེར་བ་ཚུལ་ཁྲིམས་དྲི་མེད་ལགས་ཀྱིས་གཙོ་སྐྱོང་གནང་སྟེ། དགེ་བཤེས་ཚུལ་ཁྲིམས་རྣམ་གྲོལ་ལགས་ཀྱིས<<ནམ་མཁའ་དང་རྒྱང་བུའི་སྐོར>>ཞེས་པའི་བརྗོད་གཞིའི་ཐོག། མདོ་རྒྱུད་ནོ་བེ་ཀ་སོགས་མདོས་ཀྱི་དཔེ་རྙིང་མང་པོ་ལུང་དུ་དྲངས་ནས་དེའི་ངོ་བོ། མཚོན་དོན། དགོས་པ། ཕན་ཡོན་སོགས་དོན་ཚན་མང་པོ་ནས་གསལ་བཤད་གནང་སོང་།  

སློབ་གཉེར་བ་མཐུ་སྟོབས་དབང་ཕྱག་ལགས་ཀྱིས<<ཕྱྭ་གཤེན་ལ་སྔ་བ་མོ་པྲ>>ཞེས་པའི་བརྗོད་གཞིའི་ཐོག། མོ་དཔེ་ཁག་གི་གནས་བབས་དཔྱད་གཞིར་བཟུང་ནས། མོ་ཡི་ངོ་བོ་དང་། རྣམ་གྲངས། དགོས་ཕན་བཅས་ལས་འགྲེལ་བརྗོད་གནང་སོང་།  

ཕྱི་དྲོའི་ཚོགས་ཐེངས་གཉིས་པའི་ཐོག་དགེ་བཤེས་གཡུང་དྲུང་གཙུག་ཕུད་ལགས་ཀྱིས་གཙོ་སྐྱོང་གནང་སྟེ། ཝཱ་ར་ཎ་སའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་གཡུང་དྲུང་ནོར་བུ་ལགས་ཀྱིས<<བལ་པོའི་ནུབ་བྱང་མཚམས་སུ་གནས་པའི་འུམ་ལོའི་སྐོར་གླེང་བའི་གཏམ>>ཞེས་པའི་བརྗོད་གཞིའི་ཐོག། འུམ་ལོ་ཞེས་པའི་ཐ་སྙད་དང་། ཡུལ་དེ་གའི་མི་རིགས་ཀྱི་ཡུལ་སྲོམ་གོམས་གཤིས། ཐུན་མིན་གྱི་རིག་གཞུང་བྱེད་སྒོ། མི་རིགས་ཀྱི་སྐད་ཡིག སྔ་ཕྱིར་སྲིད་དབང་གནས་ཕྱོགས་སོགས་ལ་དཔྱད་ཞིབ་འགྲེལ་བརྗོད་གནང་སོང་། 

ཉིན་གཉིས་པའི་ཚོགས་ཐུན་དང་པོར་བཀའ་རམས་པ་ཚུལ་ཁྲིམས་རབ་བརྟན་ལགས་ཀྱིས་གཙོ་སྐྱོང་གནང་སྟེ། རྩ་འཛིན་སློབ་དཔོན་དགེ་བཤེས་ཁྱུང་ཁྲི་ལྡེ་ལགས་ཀྱིས<<སྲིད་པ་རྒྱུད་ཀྱི་ཁ་བྱང་ལས་གསལ་བའི་བན་བོན་ཤག་འགྱེད་དང་དེའི་རྒྱབ་ལྗོངས་གླེང་བ>>ཞེས་པའི་བརྗོད་གཞིའི་ཐོག ཁོང་གིས་བན་བོན་ཕན་ཚུན་ཤག་འགྱེད་སྐོར་གྱི་ལུང་ཚིག་ཁག་དེང་དུས་འགྲེལ་ལོག་བརྒྱབ་པ་བྱུང་བར། དེ་དག་གི་གནས་བབས་རྒྱབ་ལྗོངས་གང་ཡིན་དྲང་ཕྱོགས་སུ་འགྲེལ་བརྗོད་དང་། གསལ་བཤད་བཅས་གནང་ཡོད་པ་རེད།  

སློབ་གཉེར་བ་བསོད་ནམས་ཚུལ་ཁྲིམས་ལགས་ཀྱིས<<ཁམས་འགྲེལ་ལས་བསྟན་པའི་ལྟ་བའི་སྐོར་རང་གིས་བསམ་ཚུལ་གླེང་བ>>ཞེས་པའི་བརྗོད་གཞིའི་ཐོག་ཁམས་འགྲེལ་གྱི་ལྟ་བ་དངོས་གནས་གང་ཡིན་ལུང་ཚིག་སྐྱོར་འདྲེན་གྱིས་འགྲེལ་བརྗོད་དང་གསལ་བཤད་གནང་སོང་།  

བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་བདེ་ཆེན་དཔལ་ལྡན་ལགས་ཀྱིས<<བོད་རིགས་སམ་བྷོ་ཊེའི་སྐད་ཡིག་གནས་བབས་གླེང་བ>>ཞེས་པའི་བརྗོད་གཞིའི་ཐོག སྤྱིར་སྐད་ཡིག་ཅེས་པ་ཇི་ལྟར་ཡིན་པ་དང་དེ་དང་མི་རིགས་གང་དེའི་འབྲེལ་ལམ། སྐད་ཡིག་གིས་མི་རིགས་ངོ་བོ་ཇི་ལྟར་འཛིན་སྐོར། བོད་རིགས་ཀྱི་སྐད་ཡིག་ནི་འཛམ་གླིང་ནས་ལོ་རྒྱུས་རིང་གྲས་དང་ནང་དོན་འཐུས་སྒོ་ཚང་གྲས་ཤིག་ཡིན་རུང་། ད་ཆ་འཛམ་གླིང་ནས་བོད་རིགས་ཀྱི་སྐད་རིགས་ཉམས་ཆག་འགྲོ་བའི་རྒྱུ་རྐྱེན་མང་པོ་ཞིག་ཚང་སྐོར་གྱི་འགྲེལ་བརྗོད་གནང་སོང་།  

བཤད་སྒྲུབ་འདུས་སྡེའི་འཕྲོད་བསྟེན་འགན་འཛིན་རྒྱལ་སྲས་ཚུལ་ཁྲིམས་ལགས་ཀྱིས<<གྲུབ་པའི་དབང་ཕྱུག་ལྡོང་སྒོམ་བསྟན་པ་ལྷུན་གྲུབ་ཀྱི་རྣམ་ཐར་ཀུས་ལས་བཏུས་པ>>ཞེས་པའི་བརྗོད་གཞིའི་ཐོག ལྡོང་སྒོམ་བསྟན་པ་ལྷུན་གྲུབ་ཀྱི་སྐུ་ཚེའི་ལོ་རྒྱུས་སྐོར་ལ་སྔ་ཕྱིའི་རྣམ་ཐར་དང་ངག་སྒྲོས་ལས་བྱུང་བ་བཅས་ལས་ཟུར་འདོན་གསལ་བཤད་གནང་སོང་།  

ཉིན་གཉིས་པའི་ཚོགས་ཐུན་གཉིས་པར་གཡུང་དྲུང་ནོར་བུ་ལགས་ཀྱིས་གཙོ་སྐྱོང་གནང་སྟེ། ཚོགས་ཆེན་དབུ་མཛད་དགེ་བཤེས་གཡུང་དྲུང་གཙུག་ཕུད་ལགས་ཀྱིས་<<བཀའ་རྒྱུད་སྐོར་བཞི་འཇོག་ཚུལ་མང་བས་ཇི་ལྟར་ཡིན་པ་བཤད་པའི་སྐོད>> ཞེས་པའི་བརྗོད་གཞིའི་ཐོག བཀའ་རྒྱུད་སྐོར་བཞི་ངོས་འཛིན་མི་འདྲ་བ་དུ་མ་ཡོད་པ་ལས། ཀུན་མཁྱེན་ཤར་རྫ་པས་བཞག་པ་དེ་ལུང་རིགས་དུ་མས་དཔྱད་ན་འཐད་ལྡན་དང་ཡག་ཤོས་དེ་ཡིན་སྐོར་གྱི་འགྲེལ་བཤད་གནང་ཡོད་པ་རེད།  

སློབ་གཉེར་བ་ཚུལ་ཁྲིམས་དྲི་མེད་ལགས་ཀྱིས<<གསང་སྔགས་ཕྱི་པས་གནས་ལུགས་རང་རིག་པའི་ཡེ་ཤེས་འདོད་པར་བཤད་པ>>ཞེས་པའི་བརྗོད་གཞིའི་ཐོག ཆོ་ག་བཅུ་གཉིས་སོགས་དཔེ་གཞུང་དུ་མ་ལུང་དུ་དྲངས་ནས་གསང་སྔགས་ཕྱི་པས་རང་རིག་པའི་ཡེ་ཤེས་འདོད་པའི་ལུང་རིགས་ཟུང་འབྲེལ་འགྲེལ་བརྗོད་གནང་ཡོད་པ་རེད། 

ཕྱི་དྲོར་བོན་རིག་པའི་བགྲོ་གླེང་གོ་སྒྲིག་པ་བཀའ་རམས་པ་ཚུལ་ཁྲིམས་རབ་བརྟན་ལགས་ཀྱིས་ཚོར་བཅར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བའི་གཏམ་བཤད་སྦྲགས། བོན་རིག་པའི་བགྲོ་གླེང་གི་དགེ་ཕན་དང་སླད་ཕྱིན་ཞིབ་འཇུག་གི་ཆུ་ཚད་མཐོར་འདེགས་དགོས་སྐོར་གྱི་འབོད་སྐུལ་དང་བཅས། བོན་རིག་པའི་བགྲོ་གླེང་ཐེངས་པ་དེ་ཁ་དགེ་བཀྲ་ཤིས་ངང་ནས་མཇུག་གྲུབ་སོང་། ཚུལ་ཁྲིམས་རབ་བརྟན་ནས་གནས་ཚུལ་མཁོ་སྤྲོད་གནང་།