བལ་ཡུལ་སྲིད་བློན་གྱིས་བོད་དང་ཐེ་ཝན་གཉིས་ནི་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཤིག་རེད་ཅེས་བརྗོད་འདུག

ཟླ་འདིའི་ཚེས་༢༦ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། བལ་ཡུལ་གྱི་སྲིད་བློན་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཐུག་འཕྲད་སྐབས། བལ་ཡུལ་གྱི་སྲིད་བློན་གྱིས་ཞི་ཅིང་ཕིང་ལ་བོད་དང་ཐེ་ཝན་གྱི་ཐོག་ལ་འཛིན་པའི་ལངས་ཕྱོགས་བརྟན་པོ་འཛིན་རྒྱུའི་ཁས་ལེན་བྱས་ཡོད་པ་དང་། བལ་ཡུལ་དང་རྒྱ་ནག་བར་གྲོས་མཐུན་དོན་ཚན་༡༢ ལ་མིང་རྟགས་བཀོད་ཡོད་པའི་གནས་ཚུལ་ཐོན་འདུག

པར། WION

ཟླ་འདིའི་ཚེས་༢༣ ཉིན་གྱི་དགོང་མོ། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་དེ་རྒྱ་ནག་གི་ཀྲེ་ཅང་ཞིང་ཆེན། ཧང་ཀྲོའུ་གྲོང་ཁྱེར་དུ་ཟབ་རྒྱས་ངང་འགོ་བཙུགས་ཡོད་འདུག སྐབས་དེར་དབུ་འབྱེད་མཛད་སྒོའི་ཐོག་བལ་ཡུལ་གྱི་སྲིད་བློན་བརྩིས་པའི་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ཅིག་གི་དབུ་ཁྲིད་སོགས་མཉམ་ཞུགས་བྱས་ཡོད་འདུག

ཐེངས་འདིའི་མཛད་སྒོའི་ཟུར་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་བལ་ཡུལ་གྱི་སྲིད་བློན་པ་རྰ་ཅན་དྷ་(Prachanda) གཉིས་ཐུག་འཕྲད་བྱས་ཤིང་། བལ་ཡུལ་སྲིད་བློན་གྱིས་འཕྲོད་བསྟེན་དང་ཞིང་ལས། ཤེས་ཡོན་སོགས་ཀྱི་ཐོག་ལ་རྒྱ་ནག་ཕྱོགས་ནས་རོགས་རམ་ཡོང་བའི་རེ་སྐུལ་ཞུས་ཡོད་པ་མ་ཟད། ཁོས་བོད་དང་ཐེ་ཝན་གཉིས་ནི་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཤིག་རེད་ཅེས་དང་། སྟོབས་ཤུགས་གང་རུང་གིས་རྒྱ་ནག་གི་བདག་དབང་དང་བདེ་འཇགས་ལ་གཏོར་བརླག་བྱེད་འཇུག་གི་མིན་ཞེས་བརྗོད་ཡོད་པ་མ་ཟད། བལ་ཡུལ་གྱི་གསར་ཁང་(The Kathmandu post) ཞེས་པའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། བལ་ཡུལ་སྲིད་བློན་གྱིས་བོད་ཀྱི་གནད་དོན་དེ་ནི་རྒྱ་ནག་ནང་ལོགས་ཀྱི་གནད་དོན་ཞིག་ཡིན་པས་བལ་ཡུལ་གྱི་ས་ཐོག་ཏུ་ཁ་བྲལ་རིང་ལུགས་པས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ནམ་ཡང་སྤེལ་འཇུག་གི་མིན་ཞེས་བརྗོད་ཡོད་འདུག

པར། (The Kathmandu post)

རྒྱ་ནག་གི་སྲིད་འཛིན་དང་ཐུག་འཕྲད་བྱས་ནས་ཉིན་གཉིས་ཀྱི་རྗེས་སུ། བལ་ཡུལ་གྱི་སྲིད་བློན་དང་རྒྱ་ནག་གི་སྲིད་བློན་ལིས་ཆང་(Li Qiang) གཉིས་ཐུག་འཕྲད་བྱས་ཤིང་། སྐབས་དེར་ཕྱོགས་གཉིས་ཀྱི་བར་འཕྲུལ་རིག་དང་ཚོང་། རྒྱ་ལམ་འབྲེལ་མཐུད་བྱ་རྒྱུ་སོགས་གནད་དོན་སྣ་ཚོགས་ཐོག་ལ་གྲོས་བསྡུར་བྱས་ནས་གྲོས་མཐུན་དོན་ཚན་༡༢ ལ་མིང་རྟགས་བཀོད་ཡོད་འདུག གྲོས་མཐུན་དོན་ཚན་༡༢ ལས་བདུན་ནི་མོས་མཐུན་གན་རྒྱ་ཞེས། ཁྲིམས་ལུགས་དང་འབྲེལ་བའི་གན་རྒྱ་ལྟ་བུ་མ་ཡིན་པར། ཕྱོགས་ཕན་ཚུན་གནད་དོན་གང་རུང་ཐོག་གཉིས་མོས་ཀྱིས་བཞག་པའི་ཡིག་ཆ་ཞིག་ཆགས་ཀྱི་ཡོད་འདུག།བལ་ཡུལ་གྱི་སྲིད་བློན་རྒྱ་ནག་ལ་མ་ཕྱིན་གོང་རྒྱ་གར་དང་ཨ་རི་ལ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།