རྒྱ་གར་དང་ཁེ་ན་ཌ་གཉིས་ཀྱི་འབྲེལ་ལམ་ཚད་དམའ་ཤོས་སུ་བསླེབས།
ཟླ་འདིའི་ཚེས་༤ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་དང་ཁེ་ན་ཌ་གཉིས་ཀྱི་འབྲེལ་བའི་ཚད་དམའ་ཤོས་སུ་བསླེབས་ཡོད་པ་དང་། རྒྱ་གར་ལ་ཡོད་པའི་ཁེ་ན་ཌའི་ཕྱི་འབྲེལ་ལས་བྱེད་མང་པོ་ཞིག་རྒྱ་གར་ནས་ཕྱིར་འཐེན་བྱེད་དགོས་ཞེས་རྒྱ་གར་གྱིས་ཁེ་ན་ཌའི་གཞུང་ལ་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱིས་ཁེ་ན་ཌ་ལ་ཟླ་འདིའི་ཚེས་༡༠ སྔ་རོལ་དུ་རྒྱ་གར་ལ་ཡོད་པའི་ཁེ་ན་ཌའི་ཕྱི་འབྲེལ་མི་སྣ་༤༠ རྒྱ་གར་ནས་ཕྱིར་འཐེན་བྱེད་དགོས་ཞེས་བརྗོད་ཅིང་། གལ་སྲིད་ཚད་བཀག་དུས་ཚོད་བརྒལ་ནས་རྒྱ་གར་དུ་སྡོད་མཁན་ཞིག་བྱུང་ཚེ། རྒྱ་གར་གཞུང་གིས་གང་ཟག་དེའི་རྒྱལ་འབྲེལ་མི་སྣའི་ཆག་ཡང་(diplomatic immunity) ཕྱིར་བསྡུ་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་ཡང་བཏང་ཡོད་འདུག སྤྱིར་རྒྱ་གར་དུ་ཁེ་ན་ཌའི་ཕྱི་འབྲེལ་མི་སྣ་ཁྱོན་བསྡོམས་༦༢ ཡོད་འདུག
ཁེ་ན་ཌའི་ནང་དུ་ཡོད་པའི་རྒྱ་གར་གྱི་ཕྱི་འབྲེལ་མི་སྣའི་གྲངས་འབོར་ཉུང་ངུ་ཞིག་ལས་མེད་པར་བརྟེན། རྒྱ་གར་གཞུང་གིས་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་མི་སྣ་དོ་མཉམ་དང་གཅིག་མཚུངས་སུ་ཡོང་ཆེད་རྒྱ་གར་དུ་ཡོད་པའི་ཁེ་ན་ཌའི་ཕྱི་འབྲེལ་མི་སྣ་ཉུང་འཕྲི་བྱས་པ་ཡིན་ཞེས་བརྗོད་འདུག
གལ་སྲིད་ཐེངས་འདིར་ཁེ་ན་ཌས་ཟླ་འདིའི་ཚེས་༡༠ སྔ་རོལ་དུ་ཕྱི་འབྲེལ་མི་སྣ་རྣམས་ཕྱིར་འཐེན་བྱེད་མ་ཐུབ་པ་དང་རྒྱ་གར་གྱིས་ཉེན་བརྡ་བཏང་བ་ལྟར་རྒྱལ་འབྲེལ་མི་སྣའི་ཆག་ཡང་ཕྱིར་བསྡུ་སོགས་བྱས་ན། དཀའ་ངལ་དེ་ཇེ་ཆེ་དང་ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་བས་སྡུག་ཏུ་འགྲོ་སྲིད་པའི་གནས་ཚུལ་ཐོན་འདུག
ཕྱོགས་གཉིས་ཀྱི་བར་འབྲེལ་ལམ་ལ་དོ་ཕོག་ཡོང་དོན་ནི། ལོ་འདིའི་ཕྱི་ཟླ་༦ པའི་ནང་། གདོང་བཀབ་ཡོད་པའི་མི་གཉིས་ཀྱིས་ཁེ་ན་ཌའི་མི་སེར་ཡིན་པའི་རྒྱ་གར་བ་ཞིག་ལ་མེ་མདའ་བརྒྱབ་ནས་བསད་ཡོད་པ་དང་། མི་དེ་ནི་ཕྱི་རྒྱལ་དུ་ཡོད་པའི་པན་ཇབ་རང་བཙན་ལས་འགུལ་( Khalistan) གྱི་སྣེ་འཁྲིད་དང་བཀོད་སྒྲིག་མཁན་གཙོ་བོ་ཞིག་ཡིན་འདུག ཟླ་བ༩ པའི་ནང་ཁེ་ན་ཌའི་སྲིད་འཛིན་གྱིས་གྲོས་ཚོགས་སུ་མི་གསོད་དོན་རྐྱེན་དེའི་རྒྱབ་རྒྱ་གར་གཞུང་ཡོད་སྲིད་པའི་དོགས་སློང་བྱས། སྐབས་དེར་རྒྱ་གར་གྱིས། དེ་ནི་ཁུངས་ལུང་མེད་པའི་སྐད་ཆ་རེད་ཅེས་ལན་བསླགས་པ་སོགས་ལ་བརྟེན། ཕྱོགས་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ཞིང་ཕན་ཚུན་གྱི་ཕྱི་འབྲེལ་མི་སྣ་ཕྱིར་ཕུད་གཏོང་རེས་བྱས། ལྷག་པར་དུ་རྒྱ་གར་གྱིས་ཁེ་ན་ཌའི་མི་སེར་ལ་ཐོངས་མཆན་སྤྲད་རྒྱུ་ཉུང་དུ་བཏང་ཡོད་པ་བཅས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་དཀའ་ངལ་འཕྲད་བཞིན་ཡོད་འདུག།
གསར་འགོོད་པ་བློ་བཟང་རྒྱ་མཚོ།