བོད་རེ་བ་ཅན།
ད་ལྟ་ཡང་ང་ཚོས་ལྷ་སྒྲུང་ལ་དགའ་བའི་ངང་ཚུལ་ཆེས་ཆེ་བས། ནང་བསྟན་དར་བའི་ཡུལ་ཡིན་པའི་ཚོར་བ་སྦྱིན་པའི་ཚབ་ལ་གདོད་མའི་ནང་དུ་ཕྱིར་ལོག་པའི་ཚོར་བ་སྦྱིན་བཞིན་པ་འདི་རེད། ང་ཚོས་ཆོས་དད་དང་རྨོངས་དད་ཐ་དད་ཕྱེ་དགོས་པ་མ་ཟད། ཆོས་དད་དང་ནང་བསྟན་ཆོས་དད་ཐ་དད་ཕྱེ་དགོས་པ་དང་། ལྷ་སྒྲུང་དང་ནང་བསྟན་ངེས་པར་དུ་ཐ་དད་ཕྱེ་དགོས། ངས་འདི་འདྲ་བཤད་དགོས་དོན་ནི་ང་ཚོའི་ཆེ་ཕྲ་མཆོག་དམན་ཀུན་གྱི་སེམས་ནང་ད་དུང་ལྷ་སྒྲུང་གི་འདུ་ཤེས་བརྟན་པོ་གནས་ཡོད་པས། ད་དུང་ལྷ་སྒྲུང་གི་འཆིང་རྒྱ་ལས་གྲོལ་མེད་པའི་སྣང་ཚུལ་འདི་དག་རེད། ལྷ་སྒྲུང་གི་ནུས་པ་ནི་མི་སེམས་དབང་མེད་དུ་སྦྲིད་པར་བྱེད་པ་དེ་ཡིན་ལ། དེ་ལ་བརྟེན་ནས་ལྷ་འདྲེ་བདུད་བཙན་སོགས་ནི་མི་ལས་ལྡབ་ཁྲི་ཁྲག་གིས་སྟོབས་ནུས་ཆེ་བ་དང་། སྤྲུལ་བསྒྱུར་དང་མྱུར་འགྱོགས་ཆེ་བ་དང་མཐུ་རྩལ་འགྲན་ཟླ་བྲལ་བ། སྲིད་གསུམ་ཡོམ་ཡོམ་བྱེད་པ། སྣང་སྲིད་དབང་དུ་བསྡུས་པ། ཁམས་གསུམ་ཟིལ་གྱིས་གནོན་པ་སོགས་ཀྱི་སྒྲོ་འདོགས་ཚད་ལས་འདས་པ་ཡོད་པས་རེད། གླིང་གེ་སར་གྱི་སྒྲུང་དེ་སྙན་པོ་ཡོད་དོན་ཡང་ལྷ་སྒྲུང་ཡིན་པས་རེད། རང་རེའི་སྟོང་བསམ་གྱི་གཤིས་ཀའི་དབང་གིས་དེ་ལ་ཡིད་སྨོན་དང་དད་འདུན་གྱིས་ད་བར་རྩོམ་རིག་ཙམ་མ་ཟད། བོད་པའི་སྤྱི་ཚོགས་ཡོངས་སུ་ཁེབས་ཡོད་པས་རེད། དེར་བརྟེན་གོང་དུ་ལྷ་འདྲེར་ཡིད་རྟོན་པའི་ང་ཚོ་ཞེས་པའི་སྐབས་སུ་གླེང་བ་ལྟར་ཡིན་ལ། འདིར་ཡང་བསྐྱར་གླེང་དགོས་པ་ཆགས་སོང་། ལྷ་སྒྲུང་གིས་ནང་བསྟན་ངོ་མ་ལ་ནག་ནོག་ཆེན་པོ་བཟོས་ཡོད།
ནང་བསྟན་ནི་ལྷ་འདྲེ་ལ་སྐྱབས་མི་བཅོལ་བའི་གཞུང་ལུགས་ཤིག་ཡིན་སྟབས་སངས་རྒྱས་འཚོ་བཞུགས་ཀྱི་སྐབས་དང་། གདོད་མའི་ནང་བསྟན་རིག་གཞུང་ནང་དང་། ཉན་ཐོས་སྡེ་བ་བཅོ་བརྒྱད་ཀྱི་རིག་གཞུང་ནང་དུ་ལྷ་འདྲེའི་སྐོར་འཁོད་པ་ཉུང་ཞིང་ལྷ་འདྲེར་བརྩི་མཐོང་གཏན་ནས་གནང་མེད་ལ། ཐེག་ཆེན་མདོ་ཡི་རིགས་གཞུང་གི་ནང་དུ་ཡང་ལྷ་འདྲེར་བརྩི་མཐོང་གང་ཡང་མཛད་མེད། གསང་སྔགས་ཀྱི་སྐོར་ནས་ལྷ་འདྲེའི་ནུས་པའི་སྐོར་ཐོན་ཡོད་ཀྱང་རྒྱ་ཁྱབ་མིན། འོན་ཀྱང་ཕྱིས་སུ་བོད་རྒྱུད་ནང་རིག་ནང་དུ་ལྷ་འདྲེའི་སྟོབས་ཤུགས་བཤད་པའི་རྒྱུད་ཟེར་བའི་གཞུང་ལུགས་མང་པོ་རིམ་པས་བྱུང་ཞིང་། དེར་བརྟེན་དེ་དག་ལ་མཆོད་འབུལ་སོགས་དར་རྒྱས་ཤུགས་ཆེན་བྱུང་ལ། རིམ་པས་མང་དུ་མང་དུ་ཕྱིན་ནས་ཆོས་ལེ་ཚན་རེ་ལ་ལྷ་འདྲེ་རེས་བསྲུང་བའི་བར་འཕེལ་བར་མ་ཟད། བླ་གྲྭ་དགོན་པ་ཚང་མས་ལྷ་འདྲེ་གསོལ་མཆོད་བྱེད་བཞིན་ཡོད་པ་འདི་རེད། འདིས་ནང་བསྟན་ངོ་མ་མ་མཐོང་བ་ཆགས་ཡོད་པ་འདི་རེད། སྲིད་དོན་པ་དང་དབུ་ཆེ་སོགས་དམངས་ཀྱང་ལྷ་སྒྲུང་གིས་ད་དུང་ཡང་སྦྲིད་ཡོད། དངོས་ཡོད་གནས་ཚུལ་ལ་བསམ་གཞིག་མེད་པར་བོད་ཡུལ་ལྷ་འདྲེས་བསྲུང་བའི་དད་འདུན་དང་། བོད་དམངས་ཀྱང་ཡུལ་ལྷ་གཞི་བདག་ལ་སོགས་ལྷ་འདྲེ་ཆེ་གཉན་ཆུང་གསུམ་ལ་སྐྱབས་སུ་འགྲོ་དང་འགྲོ་བཞིན་པ་འདི་རེད། མདོར་ན་བོད་དང་བོད་ཀྱི་རྒུད་པ་མཐའ་དག་ནི་ལྷ་སྒྲུང་ལ་དགའ་བ་ལས་བྱུང་བ་རེད་ཅེས་སྐད་གསེང་མཐོན་པོས་སྨྲ་ཆོག ཡིད་སྐྱོ་དགོས་པ་གཞན་ཞིག་ནི་ད་དུང་བླ་གྲྭ་ཚོས་རང་རིགས་ལྷ་སྒྲུང་གི་འཆིང་རྒྱ་ལས་སྒྲོལ་ཕར་བཞག ད་དུང་མི་ཚོགས་གཞན་ཡང་ལྷ་སྒྲུང་ནང་ཁྲིད་བཞིན་འདུག་པ་འདི་རེད། ང་ཚོས་ངེས་པར་དུ་ནང་བསྟན་གཞུང་གི་བསམ་གྱི་མི་ཁྱབ་པའི་དགོངས་པ་དང་ལྷ་སྒྲུང་ཐ་དད་དུ་ཕྱེ་དགོས། ནང་རིག་ནང་བསམ་གྱིས་མི་ཁྱབ་པ་བཞི་ནི། སྨན་དང་རྫས་དང་། སྔགས་དང་ཏིང་ངེ་འཛིན་གྱི་ནུས་པ་ནི་བསམ་གྱིས་མི་ཁྱབ་པའོ་ཞེས་གསུངས་པ་ལས། བོད་ཀྱི་ལྷ་འདྲེའི་ནུས་པ་ནི་བསམ་གྱིས་མི་ཁྱབ་ཞེས་གསུངས་པ་གཏན་ནས་མེད་ལ། ལྷ་སྒྲུང་གི་ཤོད་སྲོལ་ནི་ནང་རིག་པའི་རྒྱུ་འབྲས་རིག་པའི་རྒྱབ་བརྟེན་ཡིན་ལུགས་དེ་བས་གསུངས་མེད་པ་ཤེས་དགོས། ནང་བསྟན་ཞིབ་འཇུག་པ་ལ་ལས་ཐེག་ཆེན་གྱི་དུས་རིམ་ནི་ནང་བསྟན་ལྷ་སྒྲུང་ཅན་དུ་བསྒྱུར་བའི་དུས་རིམ་ཡིན་པར་ངོས་འཛིན་བྱས་ཡོད་པ་འདི་རེད།
ང་ཚོས་ཞིབ་ཙམ་དཔྱད་མ་ཐུབ་ཀྱང་རགས་རིམ་ཞིག་དཔྱད་ན་ཡང་ནང་རིག་ལྷ་སྒྲུང་ལྡོག་ཕྱོགས་ཡིན་པ་མཐོང་ཐུབ། ལྷ་ལས་ཕུལ་བྱུང་གི་བསྟོད་པ་དང་། བསྔགས་འོས་བསྔགས་པ་ལྟ་བུ་ལ་མཇལ་ན་ནང་བའི་སྟོན་པ་དང་གཞན་གྱི་སྟོན་པའི་བར་གཤིབ་བསྡུར་གྱིས་ནང་པ་ནི་ལྷ་སྒྲུང་ལམ་ལུགས་ལ་ངོ་རྒོལ་བྱེད་མཁན་ཡིན་པ་གསལ་པར་བཤད་ཡོད། གནའ་རབས་རྒྱ་གར་གྱི་ལྷ་སྒྲུང་དང་ནང་རིག་གི་ཐེག་ཆེན་གཞུང་གཤིབ་བསྡུར་བྱས་ན། ནང་རིག་ཐེག་ཆེན་གྱི་གཞུང་དུ་རྒྱ་གར་གྱི་ལྷ་སྒྲུང་གི་ཤོད་སྲོལ་ཁ་ཤས་འདྲེས་ཡོད་པ་བདེན་ན་ཡང་། དེ་ནི་སྤྱི་ཚོགས་དང་རིག་གནས་འཁོར་ཡུག་གི་ཤུགས་རྐྱེན་ཡིན་པས། དེ་ཙམ་ལ་བརྟེན་ནས་ནང་རིག་ལྷ་སྒྲུང་ཅན་དུ་སྒྲུབ་མི་ཐུབ། དེ་ནི་ནང་བསྟན་དར་ཡུལ་རྒྱ་གར་ཡིན་སྟབས་ཕན་ཚུན་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་སྲིད་པ་ཡིན་ལ། ནང་བསྟན་ཉིད་རྒྱ་གར་གྱི་རིག་གནས་ཀྱི་རྨང་གཞིའི་ཐོག་གསར་བཏོད་མཛད་པས་ཀྱང་རེད། ཕྱི་པ་དང་ནང་པའི་བར་དུ་འགྲན་རྩོད་ཀྱི་རང་བཞིན་ཡོད་སྟབས་ཁོ་ལ་ཡོད་པ་དེ་ང་ལ་ཡང་ཡོད་པའི་བསམ་པ་ཡོད་པ་ཡང་གཡོལ་དུ་མེད་པའི་རང་བཞིན་ཞིག་ཀྱང་རེད། འོན་ཀྱང་རྒྱ་གར་གྱི་ལྷ་སྒྲུང་དང་ནང་རིག་བར་ཁྱད་པར་ཆེན་པོ་ཡོད་པ་ཤེས་དགོས། དངོས་གནས་ནང་བསྟན་ལྷ་སྒྲུང་ཅན་དུ་བསྒྱུར་མཁན་ནི་བོད་རིགས་ཚོ་རེད། བོད་ཀྱི་ལྷ་སྒྲུང་དང་ནང་རིག་བསྲེས་ནས། སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྤྲེལ་བྱང་སེམས། སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་སོགས་བོད་ཀྱི་ལོ་རྒྱུས་མི་སྣ་རྣམས་རིམ་བཞིན་ལྷ་སྒྲུང་དུ་བསྒྱུར་ཡོད། ཁོ་བོས་དག་སྣང་དང་གྲགས་པའི་རྗེས་འབྲངས་ལ་དགའ་བའི་ང་ཚོ་ཞེས་པར་བཤད་ཡོད་པ་ལྟར་རེད། དེའི་ཐོག་ར་མ་ཎའི་གཏམ་རྒྱུད་བོད་དུ་དར་ཞིང་རྒྱ་གར་གྱི་མངོན་བརྗོད་དང་སྙན་ངག་མེ་ལོང་མ་དར་ཚུན་རྒྱ་གར་གྱི་ལྷ་སྒྲུང་བོད་ཀྱི་ནང་རིག་དང་བསྲེས་པའི་མགོ་ཚུགས་པ་རེད།
ལྷོ་ནུབ་སྲིན་ཡུལ་སོགས་ལྷ་འདྲེའི་གཏམ་རྒྱུད་དར་ཞིང་ལྷ་འདྲེ་ཁོག་ཞུགས་དང་། ལྷ་འདྲེའི་ལུང་བསྟན་ལ་བརྩི་འཇོག ལྷ་འདྲེས་བོད་ཡུལ་བསྲུང་བའི་གདེང་འཇོག བླ་མ་ཚོས་དངོས་ཡོད་མི་ཡུལ་འདུལ་རྒྱུ་རང་སོར་བཞག་ནས་དངོས་མེད་ལྷ་འདྲེས་འཇིག་རྟེན་བཏུལ་བའི་གཏམ་རྒྱུད་སོགས་ཇེ་དར་དུ་སོང་ཡོད་པ་རེད། རྒྱུ་མཚན་སྔ་དར་གྱི་མཁས་པ་ཀ་ཅོག་ཞང་སོགས་ཀྱི་གསུང་རབ་ནང་དུ་ལྷ་འདྲེའི་རིང་ལུགས་མེད་ལ། ཕྱི་དར་གྱི་བཀའ་གདམས་ཡབ་སྲས། བཀའ་བརྒྱུད་གོང་མ་ཚོའི་གསུང་རབ་ནང་དུ་ཡང་ལྷ་འདྲེའི་རིང་ལུགས་གཏན་ནས་མི་འདུག་པ་འདིས་མཚོན་ཡོད། ཆོས་ལ་དད་པ་ནི་ཤེས་བྱ་ལ་དད་པ་ཡིན་པས་དེ་ནི་ནང་ཆོས་ལ་དད་པ་མིན་པས་དབྱེ་བ་ཡོད་པ་ཡིན། ནང་ཆོས་ལ་དད་པ་ནི་ཡང་དག་པའི་རིག་པ་རྙེད་ནས་རང་ཉིད་རང་གི་མགོན་དུ་འགྱུར་རྒྱུ་དེ་ཡིན་ལ། རྨོངས་དད་ནི་དབྱེ་འབྱེད་ཀྱི་རྣམ་དཔྱོད་མེད་པར་གཞན་ལ་སྐྱབས་བཅོལ་རྒྱུ་དེ་ཡིན་པས་དབྱེ་བ་ཡོད། ངས་རྨོངས་དད་ལ་དགའ་བའི་ང་ཚོ་ཞེས་པར་བཤད་ཡོད། ད་ལྟ་ཡང་ལྷ་སྒྲུང་གི་འདུ་ཤེས་སྲ་ཞིང་བརྟན་པ་གནས་ཡོད་སྟབས། དངོས་ཡོད་བོད་ཀྱི་དཀའ་ངལ་མིས་མ་སེལ་པར་དངོས་མེད་ལྷ་འདྲེས་སེལ་ཐུབ་པའི་ཡིད་ཆེས་ཀྱིས་ད་དུང་ལྷ་འདྲེའི་གསོལ་མཆོད་རྒྱོབ་སོད་སྒྲོལ་ཞེས་འབོད་སྐུལ་རྩོམ་མཁན་དང་། བོད་ཀྱི་གནད་དོན་ལུང་བསྟན་བཞིན་གཏོར་བརྒྱག་དང་རིམ་གྲོ་རྟེན་བཞེངས་ཀྱིས་སེལ་བར་འདོད་མཁན་ཚོ་དང་། ཤི་མ་མྱོང་བར་དམྱལ་བའི་ལོ་རྒྱུས་ཤོད་མཁན་ཚོ་དང་། སྒོར་མི་ཁྲི་གསུམ་ཕུལ་ན་བདེ་བ་ཅན་ལ་འཁྲིད་རྒྱུ། སྒོར་མོ་ཁྲི་གཅིག་ཡོད་ན་སྔོ་འགྲོ་སྒོམ་མི་དགོས་པའི་ཆོག་མཆན་སྤྲོད་རྒྱུ་དང་། སྒོར་མོ་ཁྲི་བཞི་ཡོད་ན་དམྱལ་བ་ནས་ཐར་རྒྱུ་དང་། ང་མཇལ་ཐུབ་མཁན་ཚང་མ་ཟངས་མདོག་དཔལ་རིར་མཉམ་འཛོམས་བྱ་རྒྱུ་དང་། སྒོར་མོ་ཁྲི་བཅུ་ཕྲག་འབུལ་རྒྱུ་ཡོད་ན་མཉམ་དུ་པར་རྒྱག་ཆོག་རྒྱུ། དངོས་ཡོད་ཀྱི་གནས་ཚུལ་ཐག་རིང་ཐུང་མི་ལ་དྲི་དགོས་པ་ལ་དངོས་མེད་ཤི་བོའི་བདེ་སྡུག་རིག་ནས་ལུང་སྟོན་རྒྱུ་དང་། སྡོམ་པ་གང་མེད་ཀྱང་གང་སར་འགྲོ་བ་འདྲེན་པའི་སྤོབ་པ་ཡོད་རྒྱུ། རང་སེམས་ཀྱི་དུག་གསུམ་འདུལ་མི་དགོས་པར་ཞིང་ཁམས་སུ་ཁྲིད་རྒྱུ་དང་། རྒྱུ་ནོར་ཕུལ་ན་སྡིག་པ་བཤགས་ནས་དག་འགྲོ་བའི་ལུང་དང་འདུ་ཤེས་སོགས་ཡོད་པ་འདི་དག་མ་ཡིན་ནམ། འདི་དག་ནི་འཛམ་གླིང་གི་འཁོར་ཕྱོགས་མི་ཤེས་ལ། མི་རིགས་གཞན་གྱི་གནས་བབ་མི་རིག་པར་ལོང་བའི་སྦར་ཉུལ་ཤ་སྟག་མ་ཡིན་ནམ། ང་ཚོས་ལྷ་སྒྲུང་ལ་དགའ་ཆོག་ལ། ལྷ་སྒྲུང་གི་སྒྱུ་རྩལ་ལ་མྱོང་རོལ་བྱེད་ཆོག
འོན་ཀྱང་ང་ཚོའི་དངོས་ཡོད་ཀྱི་འཚོ་བ་ནི་ལྷ་སྒྲུང་ནང་གི་འཚོ་བ་མིན་སྟབས། དངོས་ཡོད་དང་དུས་རབས་ཀྱི་འགྲོས་དང་བསྟུན་དགོས། གསལ་བཤད༽ གོང་གི་རྩོམ་ཡིག་དེ་ནི་གཞི་ལུས་བོད་ཀྱི་རྩོམ་པ་པོ་ར་སེ་དཀོན་མཆོག་རྒྱ་མཚོས་བརྩམས་པའི་དེབ་༼བོད་རེ་བ་ཅན་༽ཞེས་པ་དེ་ནས་བཏུས། དེབ་དེར་སྤྱི་ཚོགས་ནང་གི་དགེ་སྐྱོན་གསལ་བར་དཔྱད་བསྡུར་བྱས་ཏེ་བརྗོད་གཞི་ མི་འདྲ་བའི་ཚན་པ་དྲུག་བཅུ་ར་དྲུག་དཔྱད་བརྗོད་མཛད་པའི་ཕྱག་དེབ་ཞིག་རེད། ཁོང་ནི་ཤེས་ཡོན་ཅན་ཞིག་ཡིན་མིན་ཁོ་བོས་ཁ་མཚོན་མི་ཆོད་ཀྱང་མི་རིགས་ཀྱི་ལ་རྒྱ་ཅན་ཞིག་དང་རིག་གཞུང་ལ་དུང་ཞེན་ཆེ་བ་འདས་མ་ད་གསུམ་གྱི་སྤྱི་ཚོགས་ཀྱི་སྐྱོན་ཡོན་ལ་གཟུར་པོར་གནས་པའི་ངང་དཔྱད་པ་བྱེད་པའི་སྙིང་སྟོབས་ཅན་ཞིག་ཡིན། ཕྱོགས་གཅིག་ཁོ་ན་ལས་མི་མཐོང་བའི་ང་དང་ང་དང་འདྲ་བའི་དྲྭ་གྲོགས་ཚོར་ཐུགས་ཕན་གསེལ་རེས་ཕྲན་ནས་འདིར་འདྲེན་པ་ཡིན།