གྲོགས་པོ་གཅམ་བུ་པར་དོགས་ཟོན་བྱོས།
ཐོག་མར་རང་ཉིད་ལ་བརྟགས་ཤིང་དེ་ནས་མིར་བཤད་ན་འོས་ཤིང་འཚམས་མོད།
དེ་ལྟར་མེད་པར་ནོར་བ་དང་འཁྲུལ་བ་ཚང་མ་མིའི་མགོ་བསྐོན།
ང་ནི་སྐྱོན་མེད་ཤེལ་སྒོ་བཞིན་ནོ་སྙམ་ན།
བསམ་ཚུལ་དེ་ནི་ཆེས་ནོར་འཁྲུལ་ཞིག་རེད་ལ་ཆེས་བླུན་རྟགས་ཤིག་ཀྱང་རེད།
ལར་འདས་པའི་དུས་སུ་རིག་པའི་གྲོགས་པོ་ཞིག་གིས་ང་ལ།
“ཁྱེད་གཟབ་དགོས་ས་ནི།
རྒྱུན་དུ་འགྲོགས་འདྲིས་བྱ་སའི་གྲོགས་པོ་དེ་དག་ཡིན།
གྲོགས་པོས་ང་ལང་རྒྱུ་མེད་པ་བཟོས་མྱོང་།
ངས་ནམ་ཡང་གྲོགས་པོ་ལ་གནོད་པའི་ལས་ངན་བརྩམས་མྱོང་མེད།
དངོས་མ་གྲོགས་པོའི་འདུ་ཤེས་བཞག་ལེ་ནང་བཞིན་ལས་ཀ་བྱས་པ་ཡིན།”
ཁོང་གིས་ངར་དེ་ལྟར་བཤད་པའི་སྙིང་གཏམ་དེ།
ལན་བརྒྱར་སེམས་ལ་འཁོར་མྱོང་།
འདས་པའི་ངའི་མི་ཚེའི་ནང་ཁོང་ནང་བཞིན།
ང་ལའང་གྲོགས་པོ་མང་པོས་རྡུང་རྒྱག་གཞུས་མྱོང་མོད།
ངས་ནམ་ཡང་བསླུས་མ་མྱོང་།
ད་དུང་ཡང་མི་བསླུ་ཐག་ཆོད་ཡིན།
ང་ཚུར་བསླུས་ཀྱང་ངས་ཕར་མི་བསླུ་པའི་དམ་བཅའ་ཡོད།
དེ་ནི་ང་དགེ་སློང་ཐབས་བཅག་ཅིག་ཡིན་པས་རེད་ལ།
ནང་ཆོས་ལ་ཐོས་བསམ་བྱས་པས་ཀྱང་རེད།
ཕམ་ཁའི་ནང་དུ་ཕྱིན་ན་རྒྱལ་ཁའི་སྒོ་མོ་མཐོང་ཐུབ་པའི་ང་ལ་ཡིད་ཆེས་བརྟན་པོ་ཡོད།
དེ་ནི་སྔོན་གྱི་མཁས་པས་རྨད་དུ་བྱུང་བའི་ལེགས་བཤད་ཅིག་རེད།
ང་ནི་ལེགས་བཤད་ལ་དགའ་ཡི།
ཉེས་བཤད་གྲོང་གསེབ་གཏམ་ལ་ཡིད་ཆེས་མེད།
དེ་བས་ཀྱང་གཅམ་བུའི་ཚིག་ལ་ཡིད་རྟོན་མི་བྱས་ཁར།
ཟོན་ཆེན་པོས་བསྒྲིམས་ཤིང་གཟབ་དགོས་པ་མཐོང་།
དེ་ནི་དངོས་མ་ཡིན་ལ་ཉམས་མྱོང་དེ་བས་ཀྱང་ཡིན།
ལར་བློ་ཐུབ་ཀྱི་གྲོགས་པོ་ནི།
མི་ཚེར་མེད་ཐབས་མེད་པའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ངོ།།
༢༠༡༡ཟླ་བ་༠༦ཚེས་༢༠ཉིན་གྲོགས་པོ་ཞིག་དང་skypeཐོག་གླེང་མོལ་ཐེངས་ཤིག་བྱས་རྗེས་སྐད་ཆ་ཞིག་གིས་རྐྱེན་བྱས་ཏེ་བྲིས།
དྲ་གྲོགས་ཚོས་རྩོམ་ཡིག་འདིར་བསམ་ཚུལ་ཡག་ངན་ཅི་ཡོད་སྤེལ་རོགས་གནང་ངས་ལན་སློག་རྒྱུ་མིན།