ཅེག་ཁེ་སྤྱི་མཐུན་རྒྱལ་ཁབ་ཏུ་འཚོགས་པའི་༢༠༠༠ གླེང་སྟེགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་དང་སྲིད་ཟུར་བཅས་མཉམ་ཞུགས་གནང་།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་འཚོགས་པའི་༢༠༠༠ གླེང་སྟེགས་ཐེངས་༢༧ པ་ཞེས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་དང་སྲིད་ཟུར་བློ་བཟང་སེངྒེ་བཅས་མཉམ་ཞུགས་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ངོ་དེབ་ཐོག་བཀོད་པ་ལྟར་ན། ཕྱི་ཟླ་༡༠ ཚེས་ ༡༦ དང་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་འཚོགས་པའི་ ༢༠༠༠ གླེང་སྟེགས་ཐེངས་ ༢༧ པའི་ཐོག་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། གསར་འགོད་པ། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། དབང་ཚད་ཆེ་བའི་དུས་སྐབས་སུ་མང་གཙོ་སྲུང་སྐྱོབ་(Defending Democracy in the Age of Sharp Power)ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་རེད། གླེང་སྟེགས་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་བློ་བཟང་སེངྒེ་ལགས་ཀྱང་ལྷན་ཞུགས་ཀྱིས་རྒྱ་ནག་དང་འབྲེལ་བའི་བརྗོད་གཞི་(China: A New Era, or a New Normal)ཐོག་གསུང་བཤད་གནང་ཡོད་པ་ཞེས་བཀོད་འདུག་ལ། དེ་བཞིན་སྲིད་ཟུར་བློ་བཟང་སེངྒེ་ཁོང་གི་ངོ་དེབ་ཐོག་ཏུ་ཡང་། ཡོ་རོབ་ཅེག་རྒྱལ་ཁབ་ཀྱི་རྒྱལ་ས་པིར་གྷུ་ཉིས་སྟོང་གླེང་སྟེགས་ཆེན་མོའི་ཐོག་བསྐྱར་དུ་སླེབས་པར་དགའ་ཚོར་དང་། ༧གོང་ས་མཆོག་དང་བློ་ཉེ་བའི་གྲོགས་པོ་སྲིད་འཛིན་དམ་པ་Vaclav Havel མཆོག་གི་སྲིང་མོ། ས་གནས་ཀྱི་འགོ་འཛིན་ Prague Bohuslav Svoboda ལགས་དང་ཐུག་འཕྲད་བྱུང་བའང་དགའ་ཚོར་ཆེན་པོ་བྱུང་། ཞེས་དང་སྟབས་ལེགས་པར་ཅེག་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིན་འཛིན་ཐུག་འཕྲད་བྱུང་བ་དང་། 2017ལོའི་ཧ་ལི་ཧྥ་ཁེ་སིའི་བདེ་འཇགས་གླེང་སྟེགས་ཐོག་ཁོང་དང་ཐུག་འཕྲད་བྱུང་བ་མ་ཟད་ཁོང་དང་ངོ་ཤེས་བྱུང་། གཞན་ཅེག་ཁེའི་གྲོས་ཚོགས་གོང་མའི་བོད་དོན་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི་རྣམས་མཇལ་སོང་ཞེས་བཀོད་འདུག་པ་དང་། ཉིན་གསུམ་གྱི་ཚོགས་འདུ་དེའི་ཐོག་གནད་དོན་ཁག་ལྔ་བཅུ་ལ་ཉེ་བའི་ཐོག་གྲོས་བསྡུར་བྱས་ཡོད་འདུག
གླེང་སྟེགས་དེ་ནི་ཕྱི་ལོ་༡༩༩༧ ནང་ཅེཀ་སྲིད་འཛིན་Vaclav Havel དང་རྩོམ་པ་པོ་Elie Wiesel དེ་བཞིན་ཉི་ཧོང་བ་Yohei Sasakawaབཅས་ཀྱིས་བཙུགས་གནང་ཞིང་། གླེང་སྟེེགས་དེའི་ཐོག་གི་བརྗོད་བྱ་གཙོ་བོ་ནི་མི་གཅིག་དབང་སྒྱུར་རིང་ལུགས་ལ་མང་གཙོའི་རྒྱལ་ཁབ་ཐུན་མོང་ནས་གདོང་ལེན་བྱེད་ཕྱོགས་དང་། དེ་བཞིན་མཉམ་ལས་ཀྱི་ནུས་པ་ཤུགས་ཆེ་རུ་ཇི་ལྟར་གཏོང་དགོས་མིིན་བཅས་ཀྱི་སྐོར་ཡིན་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།