རྒྱ་གཞུང་གིས་བཟའ་ཚང་རེར་ཕྲུ་གུ་གསུམ་རེ་སྐྱེ་ཆོག་པའི་སྲིད་བྱུས་ལག་བསྟར་བྱས་ཀྱང་ཕན་ཐོགས་མ་བྱུང་།

ཟླ་འདིའི་ཚེས་༡༨ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ནང་ཕྲུ་གུ་སྐྱེ་འཕེལ་གྲངས་ཚད་ཉུང་དུ་ཕྱིན་པར་བརྟེན།  ཨར་ལན་ཌིའི་ནང་ཡོད་པའི་ཕྲུ་གུའི་འོ་ཕྱེའི་བཟོ་གྲྭ་ཞིག་སྒོ་རྒྱག་རྒྱུ་དང་། རྒྱ་ནག་གཞུང་གིས་ཕ་མ་གཉིས་ལ་ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་བྱུས་ལག་བསྟར་བྱས་ཀྱང་། ཕྲུ་གུ་སྐྱེ་འཕེལ་གྲངས་ཚད་ལ་འགྱུར་ལྡོག་གང་ཡང་ཕྱིན་མེད་པའི་གནས་ཚུལ་ཐོན་འདུག

ཨར་ལན་ཌིའི་ནང་ཡོད་པའི་ནེ་སི་ཊལ་(Nestle) ་ཟེར་པའི་འོ་ཕྱེའི་བཟོ་གྲྭ་ཁང་གིས་འདས་པའི་ལོ་ངོ་དུ་མའི་རིང་རྒྱ་ནག་གི་ཁྲོམ་ར་ལ་དམིགས་ནས་ཕྲུ་གུའི་འོ་ཕྱེ་བཟོ་ཡི་ཡོད་ན་ཡང་། ཉེ་བའི་ལོ་ཁ་ཤས་ཀྱི་རིང་རྒྱ་ནག་ནང་ཕྲུ་གུ་སྐྱེ་འཕེལ་གྲངས་ཚད་ཉུང་དུ་ཕྱིན་པར་བརྟེན། ཕྲུ་གུ་ལ་དགོས་པའི་ཐོན་རྫས་ཀྱང་ཉོ་མཁན་ཉུང་དུ་ཕྱིན་པས་ནེ་སི་ཊལ་གྱིས་ཕྲུ་གུའི་འོ་ཕྱེའི་བཟོ་གྲྭ་དེ་ཕྱི་ལོ་༢༠༢༦ གི་ཟླ་བ་༤ པའི་སྔོན་ཚུད་དུ་སྒོ་རྒྱག་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག

འོ་ཕྱེའི་བཟོ་ཚོང་ཁང་གིས་བརྗོད་གསལ་ལྟར་ན། ཕྱི་ལོ་༢༠༡༦ ལོར་རྒྱ་ནག་ནང་ཕྲུ་གུ་ས་ཡ་༡༨ ཙམ་སྐྱེས་ཡོད་ཀྱང་། ཕྱི་ལོ་༢༠༢༣ ལོར་ཕྲུ་གུ་ས་ཡ་༩ ཙམ་མ་གཏོགས་སྐྱེས་མེད་པ་རེད་འདུག

ཟླ་འདིའི་ཚེས་༡༢ ཉིན་(mint) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་དོན། རྒྱ་ནག་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཚོགས་ཀྱིས་བཏོན་པའི་གྲངས་ཐོ་ལ་ལྟར་ན། ཕྱི་ལོ་༢༠༢༢ ལོར་ཕྲུ་གུ་ས་ཡ་༩.༥༦ མ་གཏོགས་སྐྱེས་མེད་པར་བརྟེན། ཕྱི་ལོ་༡༩༤༩ ནས་བཟུང་ད་བར་ཕྲུ་གུ་སྐྱེ་ཚད་དམའ་ཤོས་སུ་གྱུར་ཡོད་འདུག

རྒྱ་ནག་ནང་ཕྲུ་གུ་སྐྱེ་འཕེལ་གྲངས་ཚད་ཉུང་དུ་འགྲོ་དགོས་དོན་ནི། རྒྱ་ནག་ནང་ཕྲུ་གུ་ལྟ་སྐྱོང་དང་སློབ་སྦྱོང་གི་འགྲོ་སོང་ཆེ་བ་དང་། ལྷག་པར་དུ་ཉེ་བའི་ལོ་ཤས་ནང་རྒྱ་ནག་ནང་ལས་མེད་གཞོན་སྐྱེས་ཀྱི་གྲངས་འབོར་ཧ་ཅང་མཐོ་བ་དང་། ལས་ཀ་ལ་བདེ་འཇགས་མེད་པ་སོགས་ལ་བརྟེན། གཞོན་སྐྱེས་ཚོས་ཕྲུ་གུ་སྐྱེ་འདོད་བྱེད་ཀྱི་མེད་པ་མ་ཟད། འགའ་རེས་གཉེན་སྒྲིག་ཀྱང་བྱེད་འདོད་མེད་པ་རེད་འདུག

ལོ་སྔོན་མར་རྒྱ་ནག་གི་མི་འབོར་གྱི་གྲངས་ཀ་ནི་ཐེར་འབུམ་༡.༤༡ ཡིན་པ་དང་། འདས་པའི་ལོ་ངོ་དྲུག་ཅུའི་ནང་མི་འབོར་མར་ཆག་པ་ཐོག་མ་དེ་ཆགས་ཡོད་པ་མ་ཟད། འཛམ་གླིང་ནང་མི་འབོར་མང་ཤོས་ཨང་དང་པོ་ནས་གཉིས་པར་ཟག་ཡོད་འདུག

རྒྱ་ནག་ནང་མི་འབོར་ཉུང་དུ་འགྲོ་དགོས་དོན་གཙོ་བོ་ནི་ཕྱི་ལོ་༡༩༨༠ ནས་༢༠༡༥ བར་རྒྱ་གཞུང་གིས་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་བྱུས་ལག་བསྟར་ནན་པོ་བྱས་པ་དེ་ཆགས་ཡོད་པར་བརྟེན། ཕྱི་ལོ་༢༠༡༦ ལོར་ཕ་མ་གཉིས་ལ་ཕྲུ་གུ་གཉིས་སྐྱེ་ཆོག་པ་བཟོས་ཡོད་པ་མ་ཟད། ཕྱི་ལོ་༢༠༢༡ ལོར་རྒྱ་ནག་གཞུང་གིས་ཕ་མ་གཉིས་ལ་ཕྲུ་གུ་གསུམ་སྐྱེ་ཆོག་པ་བཟོས་ཡོད་འདུག ཡིན་ན་ཡང་། སྲིད་བྱུས་འགྱུར་བ་གཏོང་མིན་ལ་མ་ལྟོས་པར་ཕྱི་ལོ་༢༠༢༢ ལོ་ནི་རྒྱ་ནག་ནང་ཕྲུ་གུ་སྐྱེ་ཚད་དམའ་ཤོས་དང་ཉུང་ཤོས་ཀྱི་ལོ་དེ་ཆགས་ཡོད་འདུག་པས། ཕྲུ་གུ་སྐྱེ་ཚད་ཉུང་བ་ནི་རྒྱ་ནག་གཞུང་གིས་སེམས་འཚབ་བྱེད་ས་ཞིག་ཏུ་གྱུར་འདུག།

གསར་འགོད་པ་བློ་བཟང་རྒྱ་མཚོ།