ཀུན་མཁྱེན་འཇིགས་མེད་གླིང་པ་སྐུ་གཤེགས་པའི་དུས་དྲན་དང་སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་དགུ་པ།

ཀུན་མཁྱེན་འཇིགས་མེད་གླིང་པ་སྐུ་གཤེགས་ནས་ལོ་༢༢༥ འཁོར་བའི་དུས་དྲན་དང་བསྟུན་ནས། སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་དགུ་པ་དེ་ཉིད། ཕྱི་ཚེས་༡༧ ནས་༡༩ བར་ཉིན་གསུམ་གྱི་རིང་ཐེག་མཆོག་རྣམ་གྲོལ་གླིང་གི་བཤད་གྲྭ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་འཚོགས་འདུག
ཕྱི་ཟླ་༡༠ ཚེས་༡༧ ཉིན་ཀུན་མཁྱེན་འཇིགས་མེད་གླིང་པ་སྐུ་གཤེགས་ནས་ལོ་༢༢༥ འཁོར་བའི་དུས་དྲན་དང་བསྟུན། སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་དགུ་པ་དེ་ཐེག་མཆོག་རྣམ་གྲོལ་གླིང་དུ་འཚོགས་ཡོད་པ་དང་། སྐབས་དེར་བཀའ་ཟུར་ཚེ་རིང་ཕུན་ཚོགས་དང་མཁན་ཆེན་པདྨ་ཤེས་རབ་ཀྱིས་དབུས་པའི་རྣམ་གྲོལ་གླིང་གི་འདུས་སྤྱི་རྣམས་དང་རིས་སུ་མ་ཆད་པའི་གདན་ས་དང་དགོན་སྡེ་ཁག་ནས་མདོ་སྔགས་ཀུན་ལ་མཁྱེན་པ་ཡངས་པའི་དགེ་བཤེས་དང་དགེ་བཤེས་མ། དེ་བཞིན་མཁན་སློབ་དང་གྲྭ་བཙུན་གཞན་སོགས་མཉམ་ཞུགས་གནང་ཡོད་འདུག བགྲོ་གླེང་དེ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་༧སྐྱབས་རྗེ་ཞིང་གཤེགས་དམ་པ་གྲུབ་དབང་པད་ནོར་རིན་པོ་ཆེའི་ཐུགས་སྐྱེད། མཁན་ཆེན་པདྨ་ཤེས་རབ་མཆོག་གི་བཀའ་སློབ་ལམ་སྟོན། དེ་བཞིན་སྔ་འགྱུར་མདོ་སྔགས་རིག་པའི་འབྱུང་གནས་གླིང་གིས་འཆར་གཞི་བཏིང་པ་བཅས་ལ་བརྟེན་ནས་སྔ་འགྱུར་རྙིང་མའི་ལྟ་གྲུབ་བགྲོ་གླེང་འདི་དབུ་བཙུགས་པ་ཞིག་ཡིན་འདུག་པ་དང་། སྐབས་དེར་མཁན་ཆེན་པདྨ་ཤེས་རབ་ལགས་ཀྱིས་སྔ་འགྱུར་ཟེར་ཡ་དེ་ཐོག་མ་གང་འདྲ་བྱུང་འདུག་ཤེས་རྒྱུ་གལ་ཆེ་ཚུལ་དང་། དུས་རབས་བརྒྱད་པའི་སྐབས་སུ་མཁན་སློབ་ཆོས་གསུམ་ཞལ་འཛོམས་ནས་རྣམ་འདྲེན་བཞི་པའི་བསྟན་པ་དར་ཞིང་རྒྱས་པའི་སྐབས་སུ་བོད་གངས་ཅན་ལྗོངས་ནས་བདག་པོ་རྒྱག་ཐུབ་པ་ཞིག་ཆགས་ཡོད་པ་དང་། དེ་ཡང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཁོང་གི་བཀའ་དྲིན་ཡིན་པ་དེ་ང་ཚོས་བརྗེད་མི་རུང་བ་དང་། ང་ཚོས་ཡོངས་གྲགས་སུ་ལྔ་བརྒྱའི་གཙུག་རྒྱན་པཎ་ཆེན་བྰི་མ་མུ་ཏྲ་ཞེས་པ་ཁོང་གི་རྣམ་ཐར་ལ་བསམ་བློ་བཏང་ན་དཔལ་ནྰ་ལནྡྰའི་པཎྜི་ཏ་གཅིག་ལས་གཅིག་མཁས་པ་ལྔ་བརྒྱ་ལྷན་གཅིག་ཏུ་འཛོམས་པ་དེའི་སྐབས་སུ་བཞུགས་པ་ཞིག་ཡིན་དུས། གཞན་དང་མ་འདྲ་བ་ཞིག་ཆགས་ཡོད་པ་རྗེས་དཔག་ཚད་མས་དཔོག་ཐུབ་པར་གསུངས་ཤིང་། དེ་ནས་དུས་ད་ལྟའི་བར་དུ་བོད་གངས་ཅན་ལྗོངས་སུ་སྤྱི་འཐུས་བསོད་ནམས་སྟོབས་ཀྱིས་གུ་རུ་རིན་པོ་ཆེ་བོད་དུ་ཕེབས་ནས་ཁྱད་པར་དུ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བླ་ན་མེད་པའི་མན་ངག་སྤེལ་བ་ནས་བཟུང་སྟེ། འཇའ་ལུས་འཕོ་བ་ཆེན་མོའི་སྐུ་གྲུབ་པ་བསམ་གྱིས་མི་ཁྱབ་པ་མང་པོ་བར་མ་ཆད་པར་བྱུང་ཞིང་། དེའི་བརྒྱུད་པའི་ལུང་རྟོགས་ཀྱི་བསྟན་པ་ཟེར་ནའང་འདྲ་གང་ལྟར་ཉམས་ལེན་གྱི་གནད་ཚོགས་དེ་ང་རང་ཚོས་དུས་ད་ལྟའི་བར་དུ་རྒྱས་བསྡུས་ཁ་ནས་བཤད་བསྡད་ཡ་དེ། དེ་འདྲའི་རྒྱུད་པ་ཡིན་པ་ཤེས་པའི་ཐོག་ནས་སློབ་སྦྱོང་གནང་ཡ་གལ་ཆེན་པོ་ཆགས་པའི་སྐོར་གསུངས། དེ་བཞིན་སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་ཆོས་སྒོར་ཞུགས་པའི་གྲྭ་བཙུན་ཙམ་མ་ཡིན་པར་ཡོངས་གྲགས་སུ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ཟེར་བའི་ཁྲིམས་ཤིག་ཡོད་པ་དང་། དེའི་སྐབས་སུ་བོད་གངས་ཅན་ལྗོངས་ཡོངས་སུ་རྫོགས་པ་ལ་སྤང་བླང་གིས་མཚོན་པའི་བླང་དོར་གྱི་ལམ་སྟོན་ཡོད་པ་དེ་རྗེས་དཔག་ཚད་མས་དཔོག་ཐུབ་ཀྱི་ཡོད་པ་དང་། ཡིན་ན་ཡང་གླང་དར་མས་བསྟན་པ་བསྣུབས་ཏེ་བོད་སིལ་བུ་འཐོར་བ་ནས་བཟུང་སྟེ་ཡོངས་གྲགས་ཀྱིས་བོད་ལ་ཆབ་སྲིད་ཀྱི་བཀའ་བཀོད་གཏོང་མཁན་ཞིག་མེད་པར་ཆགས། དེ་ལ་བརྟེན་ནས་བོད་གངས་ཅན་ལྗོངས་ལ་ས་དགེ་བཀའ་རྙིང་ཞེས་རང་རང་སོ་སོའི་བསྟན་འཛིན་སྐྱེས་བུ། མཁས་གྲུབ་པ། བླ་མ་ཚད་ལྡན་དེ་འདྲས་སྲོལ་གཏོད་བཞག་པ་དེ་དག་ཁོ་ན་གཅེས་འཛིན་བྱས། དེ་དག་དང་འབྲེལ་བ་ཁོ་ན་རྒྱུན་སྐྱོང་བྱས་པ་ལས་བོད་གངས་ཅན་ལྗོངས་ཀྱི་འགྲོ་བ་ཡོངས་ལ་ལམ་སྟོན་བྱེད་མཁན་ཕལ་ཆེར་བྱུང་མེད་པར་གསུངས་པ་དང་། ད་ལྟའི་ང་ཚོའི་བསོད་ནམས་སྐལ་བའི་སྟོབས་ཀྱིས་ཐོབ་པའི་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་མཆོག་གིས་བོད་གངས་ཅན་ལྗོངས་དང་སྐྱེ་འགྲོ་ཡོངས་ལ་སློབ་སྦྱོང་བྱེད་དགོས་པའི་བཀའ་སློབ་གནང་བ་དེ་ད་བར་སུ་གཅིག་གིས་སློབ་སྟོན་བྱེད་མ་ཐུབ་པ་ཞིག་ཡིན་པ་ངོ་ཤེས་པའི་ཐོག་ནས་གལ་ཆེན་པོ་བརྩི་དགོས་པར་གསུངས། གཞན་ཡང་ཁོང་གིས་གཞུང་ལུགས་སློབ་སྦྱོང་གནང་རྒྱུ་དེ་སྐྱ་སེར་ཚང་མའི་འོས་འགན་ཡིན་པའི་སྐོར་གསུངས་དོན། བོད་གངས་ཅན་ལྗོངས་ཀྱི་འགྲོ་བ་སྐྱ་སེར་ཕོ་མོ་སུ་ཞིག་ཡིན་ཡང་ཆོས་སྒོར་ཞུགས་ནས་རབ་ཏུ་བྱུང་བའི་དམིགས་བསལ་སྡོམ་པ་ཞིག་ཞུ་ཡ་ཡོད་པ་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྒོར་ཞུགས་པ་ལ་དབང་ཐོབ་པ་དགོས་ཤིང་། དེ་མ་ཡིན་པའི་ཡོངས་གྲགས་གཞུང་བཀའ་པོད་ལྔ་ཟེར་བ་དེ་ཕོ་མོ་སུ་ཡིན་ཡང་ཁྱད་པར་མེད་པས་སློབ་སྦྱོང་བརྒྱ་ཆ་བརྒྱ་བྱེད་དགོས་ཀྱི་ཡོད་པ་དེ་དངོས་པོའི་ཆོས་ཉིད་ཡིན་པར་བཤད་མི་དགོས་པ་རེད་ཅེས་དང་། དེ་ལམ་སྟོན་བྱེད་མ་ཐུབ་པའི་ཉེར་ལེན་ལ་བརྟེན་ནས་བོད་གངས་ཅན་ལྗོངས་ཀྱི་མི་སྐྱ་ཕོ་མོས་ཆོས་ལུགས་གྲུབ་མཐའ་ཟེར་བ་དེ་གྲྭ་ཆས་གྱོན་ཞིང་མགོའི་སྐྲ་བྲེག་དགོས་པ་དང་། ཡང་ན་ཤམ་ཐབས་དཀར་པོ་གྱོན་དགོས་པ་དེ་འདྲས་མ་གཏོགས་མི་སྐྱ་ཕོ་མོ་ཚོར་ཇུས་གཏོགས་མེད་མཁན་བཟོ་འདྲའི་བསམ་མནོ་འཁོར་བསྡད་པའི་སྐྱོན་དེ། དབུ་འཁྲིད་མཁན་ཚོས་སློབ་སྟོན་བྱེད་མ་ཐུབ་པའི་ཉེར་ལེན་བརྟེན་ནས་བོད་མི་མང་སྤྱི་ཡོངས་ཀྱི་སྟེང་ནས་གྱོང་གུན་ཆེན་པོ་ཞིག་ཆགས་ཡོད་པར་གསུངས་པ་དང་། དེ་ཐམས་ཅད་ཤེས་པའི་ཐོག་ནས་རྙིང་མའི་ལྟ་བ་དང་གྲུབ་མཐའ་ཟེར་བ་དེ་མདོར་བསྡུས་ན་གཞི་ལམ་འབྲས་གསུམ་གང་གི་སྐབས་སུ་ཡང་ཟུང་འཇུག་ཁོ་ནས་གྲུབ་མཐའ་སྐྱོང་ཟེར་བ་དེ་རྙིང་མའི་ལྟ་བ་དེ་ཡིན་པར་གསུངས། གཞན་ཡང་ཉམས་ལེན་གྱི་ཐོག་ནས་རྟོགས་པས་བདག་རྒྱུད་གྲོལ་བ་ཞིག་བྱ་རྒྱུ་གལ་ཆེ་བའི་སྐོར་སོགས་དང་། དེ་བཞིན་༧སྐྱབས་རྗེ་གྲུབ་དབང་རིན་པོ་ཆེས་ཐོག་མར་ཆོས་སྡེ་འདི་ཕྱག་འདེབས་སྐབས་སུ་སྐུ་ངལ་ཆེན་པོ་བསྐྱངས་ཚུལ་དང་འབྲེལ་ཐུགས་རྗེའི་བྱིན་རླབས་མ་བརྗེད་པའི་ཐོག་ནས་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པའི་ཆ་རྐྱེན་དུ་འགྲོ་བ་ཞིག་གནང་རྒྱུ་བྱུང་ན། ཆོས་སྡེ་འདིིས་འགྲོ་དོན་བྱས་པ་དང་ང་ཚོས་བགྲོ་གླེང་བྱས་པའི་དོན་འབྲས་འགྲུབ་པ་རེད་སོགས་གསུངས་སོང་།
སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་འདི་དེ་རིང་ཐེངས་དགུ་པ་དང་ཉིན་མཐའ་མ་ཡང་ཡིན་འདུག

ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པ་ནི་ཕྱི་ལོ་༡༧༢༩ ལོར་ལྷོ་ཁ་འཕྱོངས་རྒྱས་དཔལ་རི་དགོན་གྱི་ཉེ་འདབས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་དྲུག་ནས་ཆོས་སྒོར་ཞུགས་ཏེ་རབ་ཏུ་བྱུང་། དགུང་ལོ་བཅུ་གསུམ་ནས་གྲུབ་དབང་ཐུགས་མཆོག་རྡོ་རྗེ་སོགས་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དུ་མའི་ཞབས་ནས་གསང་སྔགས་གསར་རྙིང་གི་ཆོས་བཀའ་མཐའ་ཡས་པ་གསན་ཞིང་མཆིམས་ཕུ་སོགས་སུ་ཉམས་བཞེས་མཛད། ༡༧༦༢ ལོར་ཚེ་རིང་ལྗོངས་ཀྱི་སྒྲུབ་སྡེ་ཕྱག་བཏབ། སྐུ་ཚེ་ཕལ་ཆེར་གནས་དེར་སྒྲུབ་པ་ཉམས་བཞེས་གནང་ཞོར་ཁམས་ཕྱོགས་སོགས་ཕྱོགས་མེད་དུ་ཕེབས་ཏེ་མདོ་སྔགས་ཀྱི་ཆོས་འཁོར་བསྐོར། དགུང་ལོ་བདུན་ཅུ་པ་༡༧༩༨ ལོར་དགོངས་པ་གཞན་དོན་དུ་གཤེགས། ཁོང་གི་རྒྱུད་པ་འཛིན་པའི་སློབ་མ་ནི་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་དང་འཇིགས་མེད་རྒྱལ་བའི་མྱུ་གུ་སོགས་མཁས་ཤིང་གྲུབ་པ་ཤ་སྟག་བྱུང་། རྗེས་འཇུག་གདུལ་བྱའི་དོན་དུ་བཞག་པའི་གསུང་རྩོམ་ཡང་པོད་དགུ་ཙམ་བཞུགས་ཡོད་འདུག་པ་དང་། ཀུན་མཁྱེན་འཇིགས་མེད་གླིང་པའི་གསུང་རྩོམ་ནི་མཁས་པ་ཐམས་ཅད་ཀྱིས་དོན་གཞིར་བཞག་ཐོག་རྩོམ་རིག་སྒྱུ་རྩལ་གྱི་ཆ་ནས་ཧ་ཅང་སྙན་པའི་ཚད་དུ་འཛིན། ད་ལོ་ཁོང་དགོངས་པ་གཞན་དོན་དུ་གཤེགས་ནས་ལོ་༢༢༥ འཁོར་བ་ཡིན་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།
