བོད་དོན་རྒྱབ་སྐྱོར་བྱ་རྒྱུའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག

པར་རིས་ཡོང་ཁུངས་ཨ་རིའི་ཚོགས་པའི་དྲྭ་བ།

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པ་དང་འབྲེལ་བའི་ལས་དོན་ཚོགས་ཆུང་གིས་བོད་དོན་རྒྱབ་སྐྱོར་གྱི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་འདུག 

ཕྱི་ཟླ་༡༠ ཚེས་ ༡༨ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པ་དང་འབྲེལ་བའི་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མེཀ་གྷེ་ལ་གྷར་(Mike Gallagher) དང་། ཚོགས་མི་ར་ཇྰ་ཀི་རི་ཤི་ནྰ་མོར་ཐིས་(Raja Krishnamoorthi) གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་རི་ཆར་ཌི་གྷེ་རི་གཉིས་དང་མཇལ་འཕྲད་གནང་རྗེས་བོད་དོན་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཤིག་སྤེལ་འདུག་པ་དང་། 

གསལ་བསྒྲགས་དེའི་ནང་དུ། རྒྱ་ནག་གཞུང་གིས་འདས་པའི་ལོ་མང་རིང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚད་ལས་འདས་པ་བཏང་སྟེ། བོད་མིར་བཙན་གནོན་དང་། གང་བྱུང་འཛིན་བཟུང་། བོད་མིར་དྲག་གནོན་དང་བཀག་ཉར། བོད་མིའི་གཞི་རྩའི་རང་དབང་དང་རང་སྐྱོང་ལ་དམ་བསྒྲགས་བྱས་པ། ཉེ་ལམ་ཞི་ཅིན་ཕིང་གིས་བོད་མིར་དྲག་གནོན་ཚད་མཐོ་རུ་བཏང་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ལ་ཐེ་བྱུས་དང་། བོད་མི་མང་པོའི་རིགས་རྫས་བསྡུ་རུབ་བྱས་ཏེ་བོད་མི་གར་སོང་ལྟ་སྲུང་དང་རྗེས་འདེད་བྱེད་ཀྱི་ཡོད་པར་བརྗོད་པ་དང་། དེ་བཞིན་དེ་རིང་ང་ཚོ་མཉམ་དུ་བོད་མིའི་རྒྱབ་ཏུ་ལངས་ཏེ། རྒྱ་ནག་དམར་ཤོག་ཚོགས་པས་བོད་བཙན་བཟུང་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་པ་དང་། བོད་མི་ཚང་མ་ལ་ཞེད་སྣང་མེད་པའི་ཐོག་ནས་སོ་སོའི་བསམ་ཚུལ་བརྗོད་རྒྱུའི་སྨྲ་བརྗོད་རང་དབང་ངེས་པར་དུ་དགོས་ཡོད། བོད་ནང་རྒྱ་ནག་གཞུང་གི་སྡུག་རྩུབ་དང་དྲག་གནོན་མཚམས་འཇོག་ཡོང་བར་ཞི་བའི་ཐབས་ལམ་འཚོལ་ཆེད་ང་ཚོས་འབྲེལ་ཡོད་མི་སྣ་བོད་དོན་རྒྱབ་སྐྱོར་བ་རི་ཆར་གྷེ་རི་དང་སྲིད་སྐྱོང་སྤེན་པ་ཚེ་རིང་བཅས་དང་ལྷན་དུ་མཉམ་ལས་བྱེད་འཆར་ཡོད་སྐོར་བརྗོད་འདུག


གསར་འགོད་པ་བསྟན་འཛིན་ལམ་བཟང་།