ཆབ་སྲིད་བཙོན་ཟུར་དབང་ཆེན་ལགས་རྒྱའི་ཉེན་རྟོག་པས་ལྷ་སར་གཅར་རྡུང་ཚབས་ཆེན་བཏང་འདུག
ཟླ་འདིའི་ཚེས་༡༩ ཉིན་བཙན་བྱོལ་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་ལ་གཅར་རྡུང་བཏང་ནས་ཕོ་བའི་ནང་རྨས་སྐྱོན་ཆེན་པོ་བཟོས་ཡོད་པར་བརྟེན། ཁོང་ཉིད་ལྷ་སའི་དམག་གི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་བོད་དཀར་མཛེས་ཁུལ་སེར་ཤུལ་རྫོང་ཁོངས་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་དབང་ཆེན་དང་ཁོང་གི་ནང་མི་རྣམས་ལྷ་སར་གནས་སྐོར་དུ་འགྲོ་སྐབས། རྒྱ་ནག་གཞུང་གིས་ཁོང་ལ་སྤྱི་ཚོགས་དྲ་ལམ་དུ་འདྲ་པར་སྤེལ་བ་དང་། གོང་རིམ་གྱི་བཀའ་འཁྲོལ་དང་ཐོབ་ཐང་དཔང་ཡིག་སོགས་མེད་པར་ས་གནས་གཞན་དུ་ཕྱིན་པའི་ཉེས་འཛུགས་ཀྱིས་འདྲི་རྩད་དང་གཅར་རྡུང་ཚད་མེད་བཏང་བས། ཁོང་གི་གྲོད་ཁོག་སོགས་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ད་ཆར་ཁོང་ལྷ་ས་ལ་དམག་གི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད་འདུག
སྤྱིར་ཁོང་ནི་ཕྱི་ལོ ༢༠༡༩ ལོར་ཁོང་གི་རོགས་པ་གསུམ་བཅས་རི་ལ་བསང་གསོལ་གཏོང་དུ་འགྲོ་སྐབས། ༧པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་དང་༧རྒྱལ་བ་པཎ་ཆེན་རྣམ་གཉིས་བོད་ནང་ཞལ་འཛོམས་དགོས་སྐོར་སོགས་སྐད་འབོད་བྱས་པའི་ཉེས་མིང་འོག རོགས་པ་ལྐུགས་པ་དེ་ཕུད་ཁོང་དང་རོགས་པ་གཞན་གཉིས་བཅས་འཛིན་བཟུང་བྱས་ཏེ། ཁོང་གི་རོགས་པ་གཉིས་ཟླ་བ་དྲུག་གི་རྗེས་སུ་གློད་བཀྲོལ་བཏང་ཡོད་ཀྱང་། དབང་ཆེན་ལགས་ལོ་བཞིར་བཙོན་འཇུག་བྱས་ཏེ་འདི་ལོའི་ཕྱི་ཟླ་ ༤ པ་བར་གློད་བཀྲོལ་བཏང་མེད་པ་རེད་འདུག དེ་བཞིན་ཁོང་གི་ཨ་ནེ་སྒྲོལ་དཀར་ལ་ཁོང་གསུམ་དང་འབྲེལ་བའི་གནས་ཚུལ་ཕྱིར་བཏང་བ་དང་སྤྱི་ཚོགས་དཀྲུག་པའི་ཉེས་མིང་གཡོགས་ཏེ། ༢༠༡༩ ཟླ་༥ ་པའི་སྟོད་ཙམ་དུ་འཛིན་བཟུང་བྱས་ཏེ་ལོ་གཅིག་དང་ཟླ་བ་གསུམ་རིང་བཙོན་འཇུག་བྱས་ཡོད་པ་དང་། དེའི་རིང་བཙོན་ཁང་དུ་ས་བརྐོ་རྡོ་སློག་སོགས་ཀྱི་ངལ་རྩོལ་གྱིས་ཁོང་མོའི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་པ་དང་། རྐང་ལག་བཞི་ཀར་ནད་པར་གྱུར་ཏེ་འགྲོ་སྐྱོད་དཀའ་བའི་གནས་སྟངས་ཆགས་ཡོད་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།