རྒྱ་གཞུང་གིས་བོད་ཀྱི་གླུ་བ་ཞིག་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

རྒྱ་ནག་གཞུང་གིས་བོད་ནང་གི་སྒྱུ་རྩལ་བ་དང་རྩོམ་པ་པོ། དེ་བཞིན་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་པ་གཙོས་བོད་ནང་ཤུགས་རྐྱེན་ཡོད་པའི་མི་སྣ་དང་གཞན་ཡང་བོད་མི་མང་པོ་ཞིག་གི་གནས་ཚུལ་གསལ་ཁ་མེད་པ་དང་༧གོང་ས་མཆོག་གི་སྐུ་པར་ཉར་བ་སོགས་ཉེས་མིང་སྣ་ཚོགས་གཡོགས་ཏེ་འཛིན་བཟུང་བཙོན་འཇུག་བྱས་དང་བྱེད་བཞིན་པ་ལྟར། བཙན་བྱོལ་བོད་ཀྱི་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། ཉེ་བའི་ཆར་བོད་མགོ་ལོག་པདྨ་རྫོང་དྷི་མདའ་ཡུལ་ཚོའི་ཡོ་སྟག་སྡེ་བ་ནས་ཡིན་པའི་གླུ་བ་དཔལ་ལྡན་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙོན་འཇུག་བྱས་ཏེ། དུས་ཡུན་གང་འཚམ་རིང་བཀག་ཉར་དང་དྲི་རྩད་བྱས་ཐོག་གསང་བའི་ངང་ནས་ལོ་ངོ་གསུམ་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་མགོ་ལོག་པདྨ་རྫོང་དུ་ཁྲིམས་ཁང་མེད་པ་དང་གལ་ཏེ་ཁྲིམས་ཐག་རིགས་གཅོད་དགོས་ཚེ་མགོ་ལོག་ཁུལ་ནས་ཐག་གཅོད་བྱེད་ཀྱི་ཡོད་འདུག་ཀྱང་། པདྨ་རྫོང་གི་ཉེན་རྟོག་པས་གླུ་བ་ཁོང་གི་ནང་མིར་ལོ་གསུམ་ཁྲིམས་ཐག་བཅད་པ་རེད་ཟེར་བ་ཙམ་ལས་ཁྲིམས་ར་འཚོགས་ཏེ་ཁྲིམས་མཐུན་གྱི་ཁྲིམས་བཤེར་དང་ཁྲིམས་ཐག་བཅད་པའི་ཡིག་ཆ་སོགས་གང་ཡང་འབྱོར་མེད་པ་ཡིན་འདུག ཁོང་འཛིན་བཟུང་བྱེད་རྐྱེན་དེ་ཡང་ཁོང་གིས་ལ་རྒྱའི་གླུ་གཞས་ཤིག་བཏང་བ་དེར་ཁ་གཡར་ཏེ་འཛིན་བཟུང་བྱས་ཚུལ་དང་། ཡང་རྒྱ་གཞུང་གིས་གསལ་བཤད་ཅི་ཡང་མེད་པར་འཛིན་བཟུང་བཙོན་འཇུག་དང་ཁྲིམས་ཐག་བཅད་ཡོད་པས། ཁོང་འཛིན་བཟུང་བཙོན་འཇུག་བྱེད་རྐྱེན་གསལ་ཁ་མེད་པ་བཅས་བཤད་ཚུལ་མི་འདྲ་བ་འདུག བོད་གནས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལ་གནས་ཚུལ་དེའི་སྐོར་འདྲི་སྐབས། ཁོང་གིས། འཛིན་བཟུང་བཙོན་འཇུག་གི་གནས་ཚུལ་བདེན་པ་ཡིན་ཡང་། དེའི་བྱུང་རིམ་དང་རྒྱུ་རྐྱེན་ཐ་ན་བཙོན་ཁང་ཡང་ཤེས་ཀྱི་མི་འདུག མགོ་ལོག་པདྨ་རྫོང་ན་བཙོན་ཁང་ཞིག་ཡོད་པ་མ་རེད་ཅེས་བརྗོད་གནང་སོང་།
གླུ་བ་ཁོང་ནི་ལོ་སྔོན་མར་སྨིན་ཐང་གསེར་མོ་འཚོས་གཙོ་སྒྲུབ་བྱས་པའི་དྲྭ་ལམ་རྡུང་ལེན་འགྲན་བསྡུར་ཁྲོད་ཞུགས་ཏེ་ཨང་རིམ་དྲུག་པ་བླངས་ཡོད་པ་དང་། སྐབས་དེར་ཁོང་གི་སྐད་ཆ་ལས་མངོན་པའི་བཅོས་མིན་གྱི་གཤིས་ཀ་དེར་བོད་ཕྱི་ནང་ཀུན་ནས་དགའ་མོས་བྱེད་མཁན་མང་པོ་བྱུང་བ་མ་ཟད། གཟུ་དཔང་གི་ཁྲོད་ནས་ཁོང་ལ་གཞས་ཚིག་འབྲི་མཁན་དང་ལམ་སྟོན་བྱེད་མི་དང་བླང་བྱུང་བ་དང་། གཙོ་སྒྲུབ་པས་རྗེས་ཕྱོགས་སུ་ཁོང་ལ་རྒྱུ་དངོས་ཀྱིས་མཚོན་པས་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། དེའི་རྗེས་ནས་ཁོང་གི་མགྱོགས་འཕྲིན་ལ་རྗེས་འདེད་བྱེད་མཁན་མང་དུ་ཕྱིན་ནས་མི་གྲངས་འབུམ་གཅིག་མ་ཟིན་ཙམ་ཡོད་འདུག་ཀྱང་། འདི་ལོའི་ཕྱི་ཟླ་༣ པའི་ནང་ནས་ ཁོང་གི་མགྱོགས་འཕྲིན་ཐོག་ཏུ་གླུ་དང་པར་སོགས་ཁྱབ་སྤེལ་བྱས་མེད་པ་རེད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།
