རྒྱ་གཞུང་གིས་བོད་སྐྱེ་རྒུ་མདོ་ནས་བོད་མི་བཞི་བཙན་ཁྲིད་བྱས་འདུག

མ་ཎི་རྡོ་བརྐོས་ཆེད་ཞལ་འདེབས་མང་པོ་བསྡུས་པའི་ཉེས་མིང་འོག་སྐྱེ་རྒུ་མདོ་ནས་བོད་མི་བཞི་བཙན་ཁྲིད་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་དང་བཀག་ཉར་བྱས་ཡོད་འདུག
ཟླ་འདིིའི་ཚེས་༡༢ ཉིན་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་ཞོགས་པར་བོད་སྐྱེ་རྒུ་མདོ་ནས་བོད་མི་བཞི་ལ་མ་ཎི་རྡོ་བརྐོས་ཆེད་ཞལ་འདེབས་མང་པོ་བསྡུས་ཏེ་ཁྲིམས་འགལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་ཀྱིས་བཀག་ཉར་བྱས་ཡོད་འདུག་པ་དང་། ལོ་ལྟར་ཚེས་བཟང་དུས་བཟང་དང་བསྟུན་ཏེ་བོད་སྐྱེ་རྒུ་མདོ་ཁུལ་ནས་མ་ཎི་རྡོ་བརྐོས་མང་པོ་ཞལ་འབྱེད་གནང་སྟེ་ཁྲི་གསོལ་གནང་སྲོལ་ཡོད་འདུག་པ་ལྟར། འདི་ལོར་བོད་ཀྱི་ས་ཁུལ་མང་པོ་ནས་ཞལ་འདེབས་བསླངས་ཏེ་མ་ཎི་སྟོང་རྡོ་ ༢༥༠ (བརྒྱུད་ལམ་གཞན་དུ་འདིར་སྟོང་རྡོ་༢༦༠ ལྷག་ཡོད་སྐད)ཁྲི་གསོལ་ཞུས་པར་བརྟེན། ས་གནས་ཉེན་རྟོག་པ་ཡོང་སྟེ། ཆོས་ལུགས་དང་རུས་རྒྱུད་བཅས་ཀྱི་སྟོབས་ཤུགས་བེད་སྤྱད་དེ་སྤྱི་ཚོགས་ལ་ཐེ་གཏོགས་དང་མི་རིགས་ལས་དོན་གྱི་མིང་གཡར་ནས་མི་སྒེར་གྱི་སྙན་གྲགས་རྒྱས་ཆེད། མང་ཚོགས་ལ་འཇིགས་སྐུལ་དང་མགོ་སྐོར་བཏང་ཡོད་སྐོར་གྱི་ཉེས་མིང་གཡོགས་པ་མ་ཟད། ལས་གཞི་བཀག་སྡོམ་བྱས་ཏེ་གཙོ་འགན་འཁུར་མཁན་བློ་དགའ་དང་ཉི་མ། ཚེ་དར། རིན་ཆེན་ཞེས་པའི་སྐྱེས་པ་བཞི་བཙན་འཁྲིད་བྱས་ཡོད་པར་བཀོད་འདུག གཞན་ཡང་སྐྱེ་རྒུ་མདོ་ཁུལ་གྱི་ཉེན་རྟོག་པ་ཡོང་ནས་ལས་ཀ་འདི་གནས་སྐབས་མཚམས་འཇོག་བྱེད་དགོས་རེད། ཁྱེད་རང་ཚོས་མགོ་བ་འདིར་སྐད་བཏང་ཤོག་ལབ་སྟེ་མགོ་བ་ཉི་མ་དང་ཁོང་གི་རོགས་པ་གསུམ་བཅས་བཙན་འཁྲིད་བྱས་ནས་ད་ལྟ་ཁུལ་ཐོག་གི་བཀག་ཉར་ཁང་དུ་ཡོད་སྐོར་དང་། ད་ཐེངས་མ་ཎི་ཁྲི་སྟོན་དེའི་ནང་དུ་ས་གནས་འདྲ་མིན་ནས་ཞལ་འདེབས་ཧ་ཅང་མང་པོ་བྱུང་ཡོད་པ་དང་། ཚོད་དཔག་བྱས་ན་རྒྱ་སྒོར་ཁྲི་ ༢༥༠ ལྷག་ཡོད་པ་དང་། སྤྱིར་བཏང་ལོ་རེར་རྡོ་གང་མང་མང་ཞིག་ཁྲི་སྟོན་བྱེད་ཀྱི་ཡོད་ཀྱང་། ད་ལོ་ནང་བཞིན་གཏན་ནས་བྱུང་མྱོང་ཡོད་པ་མ་རེད་ཅེས་གནས་ཚུལ་མཁོ་སྤྲོད་པས་བོད་ཀྱི་དུས་བབ་གསར་ཁང་བརྗོད་འདུག

དེ་རིང་བརྒྱུད་ལམ་གཞན་ནས་ཧ་ཅང་གཞི་རྒྱ་ཆེ་བའི་མ་ཎི་ཁྲི་འདོན་གྱི་བརྙན་ཐུང་ཞིག་ཀྱང་མཐོང་རྒྱུ་འདུག རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པའི་མི་བཞི་ལས་ཉི་མ་དང་བློ་དགའ་གཉིས་ནི་ཕ་མ་གཅིག་ཡིན་འདུག་ཅིང་། ད་ལྟ་སྐྱེ་རྒུ་མདོ་རུ་གོས་ཆེན་ད་མཆོད་ཆས་སོགས་ཀྱི་ཚོང་ཁང་ཞིག་གཉེར་བཞིན་ཡོད་འདུག ཚེ་དར་ནི་འབྲི་སྟོད་རྫོང་ནས་ཡིན་པ་དང་། རིན་ཆེན་གྱིས་རྒྱ་ནག་མ་ནི་ཟེར་ས་ནས་རྡོ་བརྐོས་ཀྱི་ལས་ཀ་བྱས་ནས་འཚོ་བ་སྐྱེལ་བཞིན་ཡོད་པར་བཀོད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།