རྒྱ་གཞུང་གི་གནོན་ཤུགས་ལ་བརྟེན་ནས་བསྟན་འཛིན་དཔལ་སྒྲོན་གོ་ལའི་མཛངས་མའི་འགྲན་བསྡུར་ནང་མུ་མཐུད་ཞུགས་བཅུག་མི་འདུག

ཟླ་འདིའི་ཚེས་༢ ནས་ཚེས་༡༨ བར་གྱི་གོ་ལའི་མཛངས་མའི་འགྲན་བསྡུར་སྐབས་༡༠ པ་དེ་ཀམ་བྷོ་ཊི་ཡ་དང་ཝེ་ཐེ་ནམ་གཉིས་ཀྱི་ནང་འཚོགས་བཞིན་ཡོད་པ་དང་། ཐེངས་འདིའི་འགྲན་བསྡུར་ནང་མཉམ་ཞུགས་བྱེད་མཁན་བོད་པའི་བུ་མོ་བསྟན་འཛིན་དཔལ་སྒྲོན་གྱིས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་མགོ་མ་སྒུར་བར་བརྟེན་ཁོང་ཉིད་གོ་ལའི་མཛངས་མའི་འགྲན་བསྡུར་ནང་མུ་མཐུད་ཞུགས་ཐུབ་མེད་པ་རེད་འདུག

ཟླ་འདིའི་ཚེས་༩ ་ཉིན་བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་གྱི་(Instagram) ་ཐོག་ཏུ་གནས་ཚུལ་སྤེལ་བའི་ནང་། གོ་ལའི་མཛངས་མའི་འགྲན་བསྡུར་གྱི་གོ་སྒྲིག་པ་ཞིག་གིས་

བསྟན་འཛིན་དཔལ་སྒྲོན་ལགས་ཝེ་ཐེ་ནམ་གྱི་ས་མཚམས་སུ་སླེབ་དུས། བསྟན་འཛིན་དཔལ་སྒྲོན་གྱིས་ཉིན་དེའི་སྔ་ནུབ་བོད་ཀྱི་སྐུ་ཚབ་བྱས་ནས་འགྲན་བསྡུར་གླེང་སྟེགས་ཐོག་ཁོ་མོ་བཙན་བྱོལ་བའི་རྒྱལ་ཁབ་ཅིག་ནས་ཇི་ལྟར་ཡོང་བ་དང་བོད་རྒྱལ་ལོ་ཞེས་འབོད་སྒྲ་སྒྲོག་པ་སོགས་རྒྱ་ནག་གཞུང་གིས་བརྙན་འཕྲིན་ནང་མཐོང་རྗེས། ཀམ་བྷོ་ཊི་ཡའི་སྲིད་བློན་དང་གོ་ལའི་མཛངས་མའི་འགྲན་བསྡུར་གྱི་གོ་སྒྲིག་ཚོགས་པ་ལ་རྒྱ་གཞུང་གིས་གནོན་ཤུགས་སྤྲད་ཡོད་པར་བརྗོད་འདུག 

བསྟན་འཛིན་དཔལ་སྒྲོན་གྱིས་འགྲན་བསྡུར་དངོས་གཞིའི་ནང་མིང་བྱང་ཐོག་ལ་བོད་ཅེས་པའི་མིང་དང་རྒྱལ་ཁབ་བརྗེ་དགོས་པའི་དགོས་འདུན་དག་ཁས་ལེན་མ་བྱས་པར་བརྟེན། ཁོང་མོ་བཀག་ནས་ཝེ་ཐེ་ནམ་ལ་བཏང་མེད་པ་རེད་འདུག ཁོང་མོས་བརྗོད་གསལ་ལྟར་ན། ཁོང་ཉིད་ཀྱི་ཅ་ལག་དག་ཝེ་ཐེ་ནམ་ལ་འབྱོར་ཟིན་པས་ཀམ་བྷོ་ཊི་ཡ་ལ་ཡོད་པའི་མགྲོན་ཁང་ཞིག་ཏུ་གྱོན་གོས་བརྗེ་ལེན་མེད་པའི་ཐོག་བདུན་ཕྲག་གཅིག་ཙམ་རིང་གྲོགས་མེད་ཁེར་རྐྱང་དུ་སྡོད་དགོས་བྱུང་བ་དང་། སྐབས་རེ་སེམས་སྡུག་གི་མིག་ཆུ་དབང་མེད་དུ་ཤོར་བ་དང་རྗེས་སུ་དགོན་པ་ཞིག་ལ་དུས་ཚོད་བཏང་ནས་སེམས་པ་ལྷོད་ལྷོད་ཡོང་ཐབས་བྱས་ཡོད་པ་མ་ཟད་ཡོད་ཚད་ཡང་བསྐྱར་འགོ་བརྩམ་འདོད་ཅིག་སྐྱེས་སོང་ཞེས་བརྗོད་འདུག 

གཞན་ཡང་ཨ་རིའི་ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་ལགས་ཀམ་བྷོ་ཊི་ཡ་རྒྱལ་ཁབ་ཏུ་མཛངས་མའི་འགྲན་བསྡུར་ལ་མཉམ་ཞུགས་སྐབས་སུ། རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་དེ་འགྲན་བསྡུར་དངོས་སུ་བྱེད་སྐབས་ཁ་ནས་བོད་རྒྱལ་ལོ་ཞེས་ལབ་མི་ཆོག་པ་དང་ལག་ཏུ་བོད་པའི་རྒྱལ་དར་ཁུར་མི་ཆོག་པ། མིང་བྱང་སྒང་ལ་བོད་ཅེས་འབྲི་མི་ཆོག་པ། ལུས་ལ་བོད་ཆས་གོན་མི་ཆོག་པ་སོགས་ཀྱི་ཆ་རྐྱེན་བཏོན་པ་མ་ཟད། ཀམ་བྷོ་ཊི་ཡ་ནས་ཝེ་ཐེ་ནམ་དུ་འགྲོ་བའི་སྐབས་སུ་རྒྱ་མིའི་ལག་འཁྱེར་ཁུར་ནས་འགྲོ་དགོས་པ་སོགས་ཀྱི་གནོན་ཤུགས་སྤྲད་སྟབས། དོ་བདག་མཛངས་མས་ཁོང་ཚོའི་དགོས་འདུན་ཁས་མ་བླངས་པས་མཐར་མཛངས་མའི་འགྲན་བསྡུར་ནང་དུ་མཉམ་ཞུགས་མི་ཆོག་ཅེས་ཕྱིིར་འབུད་བཏང་བས། ཕྱི་ལོ་༢༠༢༤ ཟླ་༡ ཚེས༡༠ ཉིན་གྱི་ཞོགས་པ་ཆུ་ཚོད་༧།༣༠ ཐོག་ནིའུ་ཡོག་གི་JFK ་གནམ་ཐང་དུ་ཕྱིར་ཕེབས་བཞིན་པ་ལགས་ན། ས་གནས་ནས་མང་ཚོགས་གང་མང་ཁོང་ལ་རྒྱབ་སྐྱོར་ཆེད་དུ་ཕེབས་བསུ་ལ་ངེས་བཅར་ཡོང་བའི་འབོད་སྐུལ་ཞུས་འདུག

གོ་ལའི་མཛངས་མའི་འགྲན་བསྡུར་གྱི་ངོ་དེབ་ཐོག་ལྟར་ན། ཕྱི་ལོ་༢༠༢༣ ལོའི་གོ་ལའི་མཛངས་མའི་འགྲན་བསྡུར་ནང་རྒྱལ་ཁབ་འདྲ་མིན་ནང་བུ་མོ་༧༩ ཙམ་མཉམ་ཞུགས་བྱས་ཡོད་པ་དང་། སྔ་ལོ་ཕྱི་ཟླ་༡༢ ཚེས་༢༡ ནས་ལོ་འདིའི་ཟླ་༡ ཚེས་༡༧ བར་དྲ་ཐོག་འོས་ཤོག་འཕེན་རྒྱུ་ཡིན་པ་མ་ཟད། བོད་ཀྱི་སྐུ་ཚབ་བྱས་ནས་ཕེབས་མཁན་བསྟན་འཛིན་དཔལ་སྒྲོན་ནི་གོ་ལའི་མཛངས་མིའི་འགྲན་བསྡུར་ནང་མཉམ་ཞུགས་གནང་མཁན་ཁྲོད་ནས་མི་མང་གི་དགའ་མོས་ཤུགས་ཆེན་བྱེད་ས་ཨང་རིམ་མཐོ་ཤོས་༢༥ ་ནང་ཚུད་ཡོད་འདུག

བསྟན་འཛིན་དཔལ་སྒྲོན་ལགས་ཀྱི་གནས་ཚུལ་དེ་བརྒྱུད་ལམ་ཁག་ཏུ་ཁྱབ་རྗེས་བོད་མི་མང་པོས་དབྱིན་བོད་སྐད་ཡིག་གཉིས་ཀྱི་ཐོག་ནས་ཁོང་ལ་བསྟོད་བསྔགས་དང་སེམས་གསོ། རྒྱབ་སྐྱོར་གྱི་རྩོམ་མང་དག་ཅིག་བྲིས་ནས་སྤེལ་བཞིན་འདུག་པ་མ་ཟད། གོ་ལའི་མཛངས་མའི་འགྲན་བསྡུར་གྱི་ངོ་དེབ་ཐོག་ཏུ་རྒྱ་མིའི་རྒྱུག་ཁྱི་སོགས་ཀྱི་མཆན་མང་པོ་བཀོད་དང་འགོད་བཞིན་འདུག བསྟན་འཛིན་དཔལ་སྒྲོན་ནི་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ནས་ཡིན་པ་དང་། ཕྱི་ལོ་ ༢༠༡༧ ལོར་བོད་ཀྱི་མཛངས་མའི་འགྲན་བསྡུར་སྐབས་བཅོ་ལྔ་པའི་ནང་། མཉམ་ཞུགས་བྱེད་མཁན་བུ་མོ་དགུའི་ཁྲོད་བསྟན་འཛིན་དཔལ་སྒྲོན་ལ་ཨང་དང་པོའི་རྒྱལ་ཁ་ཐོབ་ཡོད་པ་དང་། ད་ལྟའི་ཆར་ཁོང་ལོ་༢༧ སོན་ཞིང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་གནས་སྡོད་བྱེད་ཀྱི་ཡོད་འདུག།


གསར་འགོད་པ། བློ་བཟང་རྒྱ་མཚོ།