ལྷ་འདྲེས་བརླམས་པའི་འཇིག་རྟེན།

 

ཡ་གིའི་ཕུ་ན་ལྷ་ཞིག་འདུག་ཟེར་མགྱོགས་པོར་ཤོག་དང་མཆོད་པ་བྱེད།།

བྱིན་རླབས་དངོས་གྲུབ་མང་དུ་ཟེར་གི་སང་ཉིན་ཕྱུག་པོ་ཆགས་ཚོད་འདྲ།།

ཡིད་ཆེས་མེད་ན་ཤི་གི་རེད་ཟེར་སྐུལ་འདེབས་བྱ་རྒྱུའི་ཁྱི་ཁ་ཚུམས།།

ཨུ་ཚུགས་བྱོས་ནས་གསོལ་བ་ཐོབས་ཟེར་རྒྱུ་ནོར་ཡོད་ཚད་དེ་ལ་ཕུལ།།

 

མཆོད་འབུལ་བྱ་རྒྱུ་ཉུང་སོང་རེད་ཟེར་ནང་ལ་གོད་ཆག་ཇེ་མང་རེད།།

གསོལ་མཚམས་གཞག་ན་ཤི་གི་རེད་ཟེར་ད་དུང་སྡུག་རུས་དགོས་རབས་ཤིག།

ལྷ་ཞིག་མེད་ན་བདུད་ཀྱིས་བརླམ་ཟེར་ཕལ་ཆེར་འདྲེ་ཡིས་ཟ་ལ་ཁད།།

ལྷ་ཞེས་བྱ་བ་ཅི་ཞིག་ཡིན་ནམ་ད་ནི་གང་ཞིག་བྱེད་དགོས་སམ།།

 

མ་གིའི་མདའ་ན་འདྲེ་ཞིག་འདུག་ཟེར་དེ་ལ་མ་འགྲོ་གནོད་བྱ་ཡོང་།།

འདྲེ་མོའི་མཆེ་བ་རྣོན་བོ་འདུག་ཟེར་སྙིང་ཁྲག་དྲོན་མོ་འཇིབ་རབས་འདུག།

སྲིད་པ་གསུམ་པོའི་སྲོག་བདག་རེད་ཟེར་ཕོག་ཐུག་འགྲོ་བའི་ལས་མ་བྱེད།།

མཚན་མོའི་དུས་ཚོད་ཁོ་ཚོའི་རེད་ཟེར་འགྲོ་རྒྱུ་མ་མང་བླ་གཅད་ཡོང་།།

 

ཁ་སང་གད་མོ་བགད་པས་རེད་ཟེར་ད་ནངས་མཛོ་རྒན་ཤི་བསྡད་འདུག།

ད་ནང་དམར་བསུར་ཤོར་བས་རེད་ཟེར་དོ་དགོང་ཕ་རྒན་ན་བསྡད་འདུག།

ཁྱིམ་མཚེས་རྒན་མོས་པྲ་ཞིག་འབེབ་ཟེར་བཙན་དང་འདྲེ་མོས་གནོད་རབས་དགུ།

གཏོར་ཆོག་བྱེད་པའི་ཐབས་ཤིག་ཡོད་ཟེར་ཤ་དུམ་བརྒྱ་ཡི་རིམ་འགྲོ་ཞིག།

 

ས་ནག་འབུར་འབུར་རྣམ་རྟོག་ལས་བྱུང་རྣམ་རྟོག་འདྲེ་མོ་ཇེ་ངར་ངར།།

རྣམ་རྟོག་ཕྲ་མོ་རང་དོན་ལས་བྱུང་རང་དོན་དམར་པོ་ཇེ་རྒོད་རྒོད།།

རང་དོན་རྩིས་ཆེན་བདག་འཛིན་ལས་བྱུང་བདག་འཛིན་ལྕགས་ཀྱུ་ཇེ་རྣོ་རྣོ།།

བདག་འཛིན་དམ་པོ་འཁྲུལ་སྣང་ལས་བྱུང་ཀུན་ཀྱི་བྱེད་པོ་རང་སེམས་ཉིད།།

༢༠༡༡་༦་༧ ཉིན།