བོད་ཀྱི་བུད་མེད་སྒེར་ལངས་དུས་དྲན་ཐེངས་༦༥ པ་སྲུང་བརྩི་ཞུས།

བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་རྒྱལ་སྤྱིའི་ཐོག་ལོ་རེ་ནས་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་ལྟར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་སྔོན་ཆད་ལས་འགུལ་སྣ་མང་སྤེལ་ཐུབ་ཡོད་ཅིང་། མ་འོངས་པར་ཡང་བོད་དོན་འཐབ་རྩོད་ལས་འགུལ་སྔར་ལྷག་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པར་བརྗོད།
ཕྱི་ཟླ་༣ ཚེས་༡༢ པའི་སྔ་དྲོར་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་རྡ་ས་ས་གནས་བུད་མེད་ལྷན་ཚོགས། བུད་མེད་རོགས་འབོད་འབྲེལ་ལམ་ཁང་ནས། བོད་ཀྱི་བུད་མེད་སྒེར་ལངས་ཀྱི་དུས་དྲན་ཐེངས་༦༥ པ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་ཆེན་གྱི་ནང་ལོགས་དཔའ་བོའི་རྡོ་རིང་མདུན་དུ་སྲུང་བརྩིའི་མཛད་སྒོ་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་རྡ་ས་གྲོང་སྡེའི་སྤྱི་ཁྱབ་ལྕམ་ནེ་ནུ་ཤར་མཱ་མ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། གཞན་ཡང་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་དང་སློབ་ཕྲུག་གཙོས་པའི་སེར་སྐྱ་ཕོ་མོ་རྣམས་མཉམ་ཞུགས་གནང་འདུག མཛད་སྒོའི་ཐོག་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོས་བུད་མེད་ལྷན་ཚོགས་ཀྱི་བསྒྲགས་གཏམ་སྒྲོག་སྦྱང་གནང་ཞིང་། དེའི་ནང་དུ་
དེ་རིང་ནི་ཕྱི་ལོ་༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་གཞུང་གིས་ཁྲིམས་འགལ་ཐོག་བཙན་བཟུང་བྱས་ཏེ། བོད་རྒྱལ་ཁབ་ཆགས་འཇིག་ལ་ཐུག་སྐབས་བོད་གཞུང་མང་གཉིས་ནས་ཕོ་ཟད་མོ་ལ་ཐུག་པ་དང་ལག་ཟད་དཔུང་ལ་ཐུག་ཀྱང་ཆོལ་གསུམ་བུད་མེད་རྣམས་ཀྱིས། ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༢ ཉིན་བོད་ཀྱི་བསྟན་སྲིད་ཆེད་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ཀྱི་རྒྱལ་ས་ལྷ་སའི་པོ་ཏ་ལའི་ཐང་ཆེན་དུ། རྒྱལ་གཅེས་དཔའ་མོ་དམ་པ་ཀུན་བཟང་ལགས་གཙོས་པའི་བུད་མེད་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་རྒྱ་དམར་གྱི་བཙན་འཛུལ་དང་གདུག་རྩུབ་ལ་གཞི་རྒྱ་ཆེ་བའི་བུད་མེད་སྒེར་ལངས་སམ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ད་ཐེངས་ལོ་ངོ་༦༥ འཁོར་བའི་གལ་ཆེའི་དུས་ཚིགས་ཤིག་ཡིན་པ་དང་། དེ་ནི་བོད་མི་ཡོད་དོ་ཅོག་གིས་བརྗེད་ཐབས་མེད་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཡིན་པ་སོགས་འཁོད་འདུག

གཞན་ཡང་འདས་པའི་མི་ལོ་༦༣ རིང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་རྒྱ་དམར་གྱི་དྲག་གནོན་འོག་བོད་མི་འབུམ་ཁྲག་མང་པོའི་ཚེ་སྲོག་ཤོར་མཁན་རྣམས་ལ་བཀའ་དྲིན་རྗེས་དྲན་དང་མྱ་ངན་ཞུས་ཤིང་། ད་རྒྱ་དམར་སྲིད་གཞུང་གི་དམ་དྲག་འོག་དཀའ་སྡུག་མྱོང་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱིས་མཚོན་ཁོང་རྣམ་པའི་སྙིང་སྟོབས་དང་མཛད་རྗེས་ལ་བསྔགས་བརྗོད་དང་། གཞིས་བྱེས་མཉམ་འཛོམས་ཡོང་བ་ཁོང་རྣམ་པའི་རེ་སྨོན་མ་བརླགས་པར་བསྒྲུབ་རྒྱུ་ནི་ང་ཚོའི་འོས་འགན་ཡིན་པ་སོགས་འཁོད་འདུག དེ་བཞིན་༡༩༥༩ ཟླ་༣ ཚེས་༡༢ ཉིན་བོད་ནང་ཆོལ་གསུམ་བུད་མེད་རྣམས་ཀྱིས་བསྐྱར་འཛུགས་ཞུས་པའི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་རྒྱུན་འཛིན་ཆེད་བཙན་བྱོལ་ནང་བུད་མེད་ཚོགས་པ་ཐོག་མར་བཙུགས་པའི་བརྒྱུད་རིམ་དང་། ད་ལྟ་བོད་ཀྱི་བུད་མེད་ལྷན་ཚོགས་ལ་ས་གནས་ཡན་ལག་ཁག་༥༨ དང་ཚོགས་མི་གྲངས་༢༠༠༠༠ ལྷག་ཡོད་པའི་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཆེ་ཤོས་དང་རྙིང་ཤོས་ཞིག་ཡིན་པའི་སྐོར་སོགས་དང་།

གཞན་ཡང་ བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་རྒྱལ་སྤྱིའི་ཐོག་ལོ་རེ་ནས་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་ལྟར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་སྔོན་ཆད་ལས་འགུལ་སྣ་མང་སྤེལ་ཐུབ་ཡོད་ཅིང་། མ་འོངས་པར་ཡང་བོད་དོན་འཐབ་རྩོད་ལས་འགུལ་སྔར་ལྷག་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པའི་སྐོར་སོགས་འཁོད་འདུག བུད་མེད་ཚོགས་གཞོན་གྱིས་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཉུང་ངུ་ལས་མེད་པས་བློ་ཕམ་བྱུང་བ་སོགས་བརྗོད་སོང་།

དུས་དྲན་གྱི་མཛད་སྒོ་གྲུབ་རྗེས་འགོ་ལས་རྣམས་དང་སློབ་ཕྲུག་རྣམས་གཙོས་པའི་སེར་སྐྱ་མི་མང་དག་དཔའ་བོའི་རྡོ་རིང་མདུན་ནས་ཀ་ཅ་རིའི་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་སའི་སུམ་མདོ་བར་དུ་གོམ་བགྲོད་དང་སྐད་འབོད་བྱས་ཏེ་གྲོལ་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ལམ་བཟང་།