ྋགོང་ས་མཆོག་གིས་རྒྱ་གར་སྲིད་བློན་ལ་ཕུལ་བའི་གསུང་འཕྲིན།
གསུང་འཕྲིན་ནང་འཁོད་དོན། ཆེས་མཆོག་ཏུ་བཀུར་བར་འོས་པའི་སྐུ་ཞབས་མན་ མོ་ཧན་ སིང་མཆོག མདང་ནུབ་མུམ་བྷེའི་ས་ཁུལ་མང་པོ་ཞིག་ནང་འཇིགས་སྐུལ་བྱུང་ནས་མི་མང་པོར་སྲོག་སྐྱོན་དང་རྨས་སྐྱོན་བྱུང་བར་ངོས་རང་ཧ་ཅང་གི་བློ་ཕམ་དང་ཧང་སངས་བྱུང༌། དེར་བརྟེན་ངོས་ཀྱིས་སྐུ་ཉིད་ལ་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་དང་སྐུ་ཉིད་བརྒྱུད་ནས་ངན་སེམས་ཀྱི་བྱ་སྤྱོད་དེས་རྐྱེན་པས་འདས་སོན་ཁ་བྲལ་དུ་འགྱུར་བའི་གནོད་ཚེ་འཕོག་ཡུལ་རྣམས་ལ་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན།
ངོས་ཀྱིས་དུས་རྟག་ཏུ་རྒྱ་གར་མི་མང་གི་ནུས་ཤུགས་ལ་ཡིད་སྨོན་ཞུ་གི་ཡོད། དེར་བརྟེན་དེ་ལྟ་བུའི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་དེས་ཁོང་ཚོར་ཤུགས་རྐྱེན་མ་ཐེབས་པའི་ཡིད་ཆེས་བརྟན་པོ་ཡོད། ངོས་ཀྱིས་རྒྱ་གར་མི་མང་དང་ལྷག་པར་མུམ་བྷེ་མི་མང་རྣམས་ཀྱིས་འཇིགས་སྐུལ་རིང་ལུགས་ཀྱི་སྡིགས་ར་དང་འཚེ་བར་གདོང་ལེན་བྱེད་བཞིན་ཡོད་པར་གདུང་སེམས་མཉམ་བསྐྱེད་ཡོད། ཅེས་བསྐྱར་ཟློས་ཡང་ཟློས་ཞུ་རྒྱུ་ཡིན། ཀུན་བདེའི་སྨོན་ལམ་བཅས། ཅེས་གསུང་འཕྲིན་བསྩལ་ཡོད་པ་རེད།