གྲོས་ཚོགས་ལས་ཉིན་ལྔ་པར་བཀའ་ཤག་ལན་འདེབས་གསལ་བཤད་དང་སྤྱི་འཐུས་རྣམ་པའི་དགོངས་ཚུལ།

ཟླ་འདིའི་ཚེས་༡༤ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་ལྔ་པ་དེ་ཞོགས་པའི་ཆུ་ཚོད་༩།༣༠། སྟེང་དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་དང་། ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་བཀག་ཤག་གི་ལན་འདེབས་གསལ་བཤད་གནང་སོང་།

སྐབས་དེར་སྤྱི་འཐུས་རྣམ་པས་བོད་མིའི་སྒྲིག་འཛུགས་དང་ཧི་མ་ཅལ་མངའ་སྡེའི་གཞུང་བར་གྱི་འབྲེལ་ལམ། བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་དང་བཙན་བྱོལ་བོད་མིའི་ཁྱིམ་ཐོ་ཞིབ་གཤེར། བལ་ཡུལ་གཞིས་ཆགས་ཁག་གི་སྐོར། སྐྱབས་བཅོལ་ལག་དེབ་གསར་བཟོ་དང་འཕར་འགྱངས་དང་འབྲེལ་བའི་རྒྱབ་གཉེར་གནང་ཕྱོགས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བཀོད་སྒྲིག་བྱེད་སྟངས་དང་ཉམ་ཐག་ཞིབ་འཇུག་གི་ལས་དོན་དང་། རྒས་འཁོགས་ལྟ་སྐྱོང་ཟབ་སྦྱོང་དང་། བོད་ནས་རྗེས་འབྱོར་བ་རྣམས་ལ་སྡོད་ཁང་གསར་རྒྱག་ལས་གཞི་སོགས་དང་འབྲེལ་བའི་ཐོག་དགོངས་ཚུལ་གསུངས་པ་དང་། དོགས་འདྲི་གནང་བ་ཁག་ལ་ནང་སྲིད་བཀའ་བློན་གྱིས་ལན་འདེབས་གསལ་བཤད་གནང་སོང་། སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་༥ པའི་ཚོགས་ཐུན་༢ པའི་ཐོག་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་བཀའ་ཤག་གི་ལན་འདེབས་གསལ་བཤད་གྲུབ་སོང་།

སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་༥ པ ཚོགས་ཐུན་༢ པ་ནས་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་༢༠༢༢ ནས་༢༠༢༣ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང། དེ་བཞིན་སྤྱི་འཐུས་རྒྱུན་ལས་ཀྱིས་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པ་ལ་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་གནང་ཞིང་། གོང་གསལ་སྙན་ཐོའི་ནང་གསལ་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་བཀའ་ཤག་གིས་ལན་འདེབས་གསལ་བཤད་གནང་།

བགྲོ་གླེང་སྐབས་སྤྱི་འཐུས་རྣམ་པས་དང་བླང་དཔྱ་ཁྲལ་ལག་དེབ་གསར་བཟོ་དང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་བབ་སོགས་ཀྱི་ཐོག་ལ་དོགས་དྲི་དང་དགོངས་ཚུལ་གསུངས་པར་བཀའ་ཤག་གིས་ལན་འདེབས་གསལ་བཤད་གནང་སོང་། ལྷག་པར་དུ་དང་བླང་དཔྱ་ཁྲལ་ལག་དེབ་གསར་བཟོ་དང་འབྲེལ་དཔལ་འབྱོར་བཀའ་བློན་གྱིས་སྦེལ་ཇམ་དང་ཧྥ་རན་སི། དབྱིན་ཇི་བཅས་སུ་དང་བླང་དཔྱ་ཁྲལ་ལག་དེབ་གསར་བཟོ་གནང་མཁན་༦༣༦ ་དང་ནོར་བཅོས་བྱེད་མཁན་༦༤༩ ་བཅས་ཁྱོན་བསྡོམས་༡༢༨༥ ་བྱུང་ཡོད་པ་དང་། ཨ་རི་དང་ཁེ་ན་ཌ་གཉིས་ཀྱི་ནང་ལག་དེབ་གསར་བཟོ་གནང་མཁན་༢༢༡༦ ་དང་ནོར་བཅོས་བྱེད་མཁན་༦༥༡ ་དང་བོར་བརླག་ཕྱིན་སོང་ཟེར་མཁན་༣༤ ་བཅས་ཁྱོན་༢༩༠༡ བྱུང་བ་མ་ཟད། སུད་སི་དང་ཇར་མན། ཨོ་སི་ཊོ་ལི་ཡ་བཅས་ཀྱི་ནང་ལག་དེབ་གསར་བཟོ་གནང་མཁན་༡༠༨༣ ་དང་ནོར་བཅོས་བྱེད་མཁན་༡༠༧༠ ་བོར་བརླག་ཕྱིན་མཁན་༡༣ ་བཅས་ཁྱོན་༢༡༦༦ ་བྱུང་ཡོད་འདུག བོད་མིའི་སྒྲིག་འཛུགས་ཀྱིས་ལས་བྱེད་མངགས་གཏོང་གིས་ད་བར་དང་བླང་དཔྱ་དངུལ་ལག་དེབ་གསར་བཟོ་གནང་མཁན་༣༩༣༥་དང་ནོར་བཅོས་བྱེད་མཁན་༢༣༧༠ ་དེ་བཞིན་བོར་བརླག་ཕྱིན་ནས་གསར་བཟོ་གནང་མཁན་༤༧ ་བཅས་བྱུང་ཡོད་འདུག ས་གནས་འཁའ་ཤས་ལ་དེབ་མ་འདང་བའི་དབང་གིས་ལག་དེབ་གསར་པ་༩༣་དང་ནོར་བཅོས་དགོས་པའི་གྲངས་༧༣ ་བཅས་བཟོས་ནས་ས་གནས་ལ་བསྐུར་ཡོད་འདུག་པ་བཅས། ད་བར་དང་བླང་དཔྱ་ཁྲལ་ལག་དེབ་ཁྱོན་༦༥༡༨  ་བཟོ་ཐུབ་པ་བྱུང་ཡོད་པའི་གསལ་བཤད་གནང་སོང་།

གསར་འགོད་པ། བློ་བཟང་རྒྱ་མཚོ།